I. Publication Details

Khams sprul bsod nams don grub (ed). 2013. Gtsang stod rgyal poʼi rnam thar dang rgyal rabs. Gangs can rig mdzod 60. Lhasa: Bod ljongs yig rnying dpe bskrun khang. http://purl.bdrc.io/resource/W4CZ364090

Editors’ Preface

It contains “The Indestructible Drum Sound: A Tale of Complete Victory in All Directions - A Biography of the Great Universal Monarch Karma Tenkyong Wangpo” composed in verse by the learned Drukpa master Sangyé Dorjé, as well as “The Straight Path: Including the Biography of the Upper Tsang King, the Greatness of His Palace and Domains, the System of Royal Laws and Commands, and Instructions on What to Accept and Reject”. This includes the sixteen pronouncements established during the time of the Tsang Desi (ruler) Karma Tenkyong Wangpo (1606-1642), the thirteen pronouncements of the Ganden Palace, “Questions and Answers Concerning Legal Documents Presented to Desi Sangyé Gyatso by Sikkim's Tensung Namgyal”, and “The Dharma Origins [History called] the Ducks of the Faithful Playing in the Ocean of Learning' or 'The Religious History of Geye”.

The latter text was written by Geye Tsültrim Senggé, who was born in the Earth-Monkey year of the seventh Rabjung cycle (1428 CE). While we do not have detailed documentation of his activities or the date of his passing in our possession, which prevents us from providing more detailed information, we can determine based on the colophon mentioned above that the text was definitely composed in the Wood-Horse year (1474 CE).

III. Transliteration

For this edition, an (incomplete) etext is available at http://ti.kbcmw.com/html/lishi/ZangBa/

1. གཙང་པ་རྒྱལ་པོའི་དུས་རབས།

ས་བཅད་དང་པོ།  གཙང་པ་རྒྱལ་པོའི་སྲིད་དབང་དངོས་སུ་བཙུགས་པ། 
སྤྱིར་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཕྱོགས་ཞེན་གྱི་ལྟ་བ་དང༌།  གཅམ་བུ་ངོ་དགའི་ཚིག་གིས་མ་བསླད་པ་དོན་རྐྱེན་ཇི་བཞིན་ཡི་གེར་བཀོད་ནས།  དེ་ལ་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བས་དྲང་བདེན་གྱིས་ཕྱོགས་སྡོམ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ།  གྲུབ་མཐའི་ཕྱོགས་ཞེན་གྱིས་བོད་ཀྱི་ལོ་རྒྱུས་དངོས་ཀྱི་རྣམ་པ་ལ་ངན་ཤན་ཆེན་པོར་ཞུགས་ཡོད་པ་དཔེར་ན་བན་བོན་ཕྱོགས་རིས་ཀྱིས།  བོན་གྱི་ལོ་རྒྱུས་ཡིག་ཆ་དག་ཁུངས་མེད་ཀྱི་གྲལ་དུ་འཇོག་རྐྱང་བྱས་སྟབས།  སྲོང་བཙན་གོང་གི་ལོ་རྒྱུས་སྨྲ་བ་ལ་ཁུངས་གཏུགས་ས་མེད་པ་ལྟ་བུ་ཞིག་ཆགས་ཡོད།  དེ་བཞིན་དུ་དགའ་ལྡན་ཕོ་བྲང་བཙུགས་རྗེས་མཁས་པ་རྣམས་ཀྱིས་བྲིས་པའི་ལོ་རྒྱུས་ནང་དུ་གཙང་པ་རྒྱལ་པོ་ལ།   ཕྱི་ནང་གི་རིག་པའི་གནས་ལ་སྦྱངས་པ་དམན་པ་དང༌།   ལྷག་པར་དུ་ཆབ་སྲིད་ཀྱི་མྱོང་བ་ཤིན་ཏུ་ཞན་པ་ཡིན་པའི་ཚུལ་སོགས་ངན་སྨྲས་སྣ་ཚོགས་བྱས་ཡོད་པ་འདི་ནི་ཆབ་སྲིད་ཀྱི་ལྟ་བས་བསླད་པའི་ས་ཕྱོགས་སམ།  གྲུབ་མཐའི་ཕྱོགས་རིས་ཀྱི་གཏམ་ཙམ་དུ་མཐོང༌།  བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རང་རིགས་གཞོན་ནུ་རྣམས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོ་འདས་པའི་གོང་དུ་བྱུང་བའི་ས་ཆའི་ཕྱོགས་རིས་དང༌།  གྲུབ་མཐའི་སྡང་ཞེན་གྱི་ལྟ་བའི་རྗེས་སུ་མི་འབྲང་བར།  བློ་གཟུ་བོར་གནས་པའི་སྒོ་ནས་ཕྱོགས་མི་འདྲ་བའི་ཡིག་ཆ་ཁག་གཉིས་ཀ་ལ་ཞིབ་ཏུ་བརྟགས་ནས།  དུས་རབས་རིམ་བྱུང་གི་སྲིད་འཛིན་དཔོན་རིགས་རྣམས་ཀྱིས་བོད་སྤྱིའི་ཆབ་སྲིད།   དཔལ་འབྱོར།   དམག་དོན།   རིག་གནས་སློབ་གསོ།   འཕྲོད་བསྟེན།  སྤྱི་ཚོགས་བདེ་འཇགས་བཅས་ཀྱི་ཐད་ལ་ཕན་པའི་མཛད་རྗེས་གང་བཞག་ཡོད་པ་དང༌།  གནོད་པའི་ནོར་འཁྲུལ་གང་བྱུང་ཡོད་པ་བཅས་ཕྱོགས་སྡོམ་ལེགས་པོ་ཞིག་བྱ་བར་འོས་ཏེ།   དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལས་ཀའི་ནང་དུ་ཉམས་མྱོང་དེ་དག་གིས་ཀྱང་བསམ་བློའི་སློབ་གསོ་བྱེད་ཆོག་པ་ཞིག་རེད།  གཅིགགཙང་པ་རྒྱལ་པོའི་གདུང་རབས་མདོར་བསྡུས།  དེང་དུས་བོད་ཀྱི་ལོ་རྒྱུས་བཤད་པའི་སྐབས་སུ་གཙང་པ་རྒྱལ་པོའི་སྐོར་ལ་ཕྱོགས་རེ་བའི་ཡིག་ཆ་དང་ལྟ་བ་དག་ལ་བརྟེན་ནས་བྲིས་ཡོད་པ་ཤ་སྟག་མཐོང༌།  སླད་ནས་ཕྱོགས་གཉིས་ཀའི་ཡིག་ཆ་ལ་ཞིབ་ཏུ་དཔྱད་ནས་གཙང་པ་རྒྱལ་པོའི་ལོ་རྒྱུས་དངོས་ཀྱི་རྣམ་པ་གསལ་པོར་མཐོང་བར་བྱེད་ཆེད་འདིར་གཙང་པ་རང་ཕྱོགས་ཀྱི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་དབུ་ན་འཁོད་པའི་གཙང་པ་རྒྱལ་པོའི་གདུང་རབས་མདོར་བསྡུས་ཤིག་ཡོད་པ་དེ་ཇི་བཞིན་དུ་འགོད་པ་ལ། གང་ཞིག་འཇིག་རྟེན་ཁམས་འདིར་ཕན་བདེའི་དཔལ།

རྒྱལ་ཁྲིམས་གསེར་གྱི་འཁོར་ལོ་རྩིབས་སྟོང་གི། 
མཐའ་བཞི་རྣམ་གནོན་ཆོས་ཀྱི་རྒྱལ་པོའི་སྡེ། 
སྙན་པ་འབྲུག་ལྟར་ཆེ་བ་དེ་ལ་འདུད།   
ཨེ་མ་ས་དབང་རྒྱལ་པོའི་སྲས། 
ཕུན་ཚོགས་དགེ་ལེགས་ཀུན་གྱི་གཞི།   ། 
གྲངས་མེད་བསྐལ་པར་ཚོགས་གཉིས་བསྐྲུན། 
མགོ་ནག་མི་ལ་སྒམ་བུ་ཕྱ། 
གཉའ་རེངས་དགྲ་ལ་གཤིན་རྗེ་འདྲ།   ། 
ཆོས་སྲིད་སྐྱོང་ལ་འཇམ་དཔལ་དབྱངས། 
མངའ་འབངས་རྣམས་ལ་ཡིད་བཞིན་ནོར།   ། 
མཚན་སྨོས་གཙང་སྟོད་རྒྱལ་པོ་ཡིན།   ། 
དེ་ཡི་གདུང་རབས་རིན་ཆེན་ཕྲེང་བའི་རྒྱན། 
མཛེས་པར་ཐོད་དུ་བཅིངས་པའི་ངོ་མཚར་གྱིས། 
འདོད་དགུ་ཡིད་བཞིན་འབྱུང་བའི་བཀའ་དྲིན་གཏེར།   ། 
ཁས་དྲག་གནམ་གྱི་ཤེ་མོང་ཐོབ་པར་ཤོག

ཅེས་མཆོད་པར་བརྗོད་དེ།   སྤེལ་སེར་གཏམ་རྒྱུད་ལས་གཙང་སྟོད་རྒྱལ་པོའི་གདུང་རབས་ཀྱི་རྣམ་ཐར།  དེའི་ཕོ་བྲང་དང་མངའ་ཁུལ་གྱི་ཆེ་བ།   དེའི་བཀའ་ཁྲིམས་ཀྱི་ལུགས་དང་བཀའ་ཆེམས།  དེའི་སྤང་བླང་དོན་གོ་བའི་ཞལ་ལྕེ།  དེ་རྣམས་ཀྱི་ལུང་རྒྱབ་ཏུ་ཞར་བྱུང་གི་སྔོན་གྱི་ཁྲིམས་ཡིག་དང་གཏམ་རྒྱུད་ཁུངས་བཙུན་པ།  ཡིག་རྙིང་དང༌།   རྣ་གཏམ་ཐོས་པ་རྣམས་ཀྱང་བསྒྲིགས་པ་ལས།  ཐོག་མར་གདུང་རབས་ཀྱི་ལོ་རྒྱུས་ནི།  སྤྱིར་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་ཞི་རྒྱས་དབང་དྲག་གི་རྣམ་པར་ཐར་པ་སོ་སྐྱེའི་བློ་ཡི་སྤྱོད་ཡུལ་ལས་འདས་ཤིང༌།  ཟབ་པ་དང༌།   རྒྱ་ཆེ་བ།   བློ་ཆུང་གིས་རྟོགས་པར་དཀའ་མོད།   དེ་རྟོགས་ཀྱང་རྨོངས་པའི་བློས་སྙན་ངག་དང་སྡེབ་སྦྱོར་ཚིགས་བཅད་ཀྱི་རྐང་པ་ལྷུག་པའི་བསྒྲིགས་བརྩམས་རྣམས་མེད་པའི་ལྷ་དགའི་གཏམ་བཞིན་བབ་ཅོལ་དུ་བྲིས་པ་འདི་ཉིད་རྣམ་དཔྱོད་ཅན་གྱིས་གཟིགས་ན་སེང་གེའི་གཡུ་རལ་ལ་སྤྲེས་ལག་རྩེད་བྱས་པ་ལྟར་བཞད་མོའི་གནས་སུ་འདུག་ཀྱང་རང་རང་གི་མོས་བློར་ཤར་པ་ཅུང་ཟད་བྲི་བར་བྱ་སྟེ།  དེ་ཡང་སྤྱིར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཉིད།  འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་ཁམས་གང་ལ་གང་འདུལ་གྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་ཅིང༌།   ལྷག་པར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་ལ་བརྟེན་ནས།  སངས་རྒྱས་བསྟན་པའི་དབུ་བརྙེས་པ་དང༌།   བསྒྱུར་པ་དང༌།  དར་བར་མཛད།   ལུགས་གཉིས་ཀྱི་བཀའ་ཁྲིམས་བཟང་པོས་སེམས་ཅན་ཐམས་ཅད་བདེ་སྐྱིད་ལ་བཀོད།  མངའ་འབངས་དར་རྒྱས་སུ་མཛད་ཅིང༌།  བོད་ལ་སྔ་དར་བར་དར་ཕྱི་དར་གསུམ་བྱས་ན་འདི་ཡན་སྔ་དར་རོ།  བར་དར་ནི་དཔལ་ལྡན་ས་སྐྱ་པས་བོད་ཤིང་སྒོ་བཙུགས་པའི་རྒྱལ་པོ་མཛད་པ་དང༌།  སྡེ་སྲིད་སྣེ་གདོང་པའི་མཚན་དོན་རྡོ་དར་སྒང་བཞག་ཡན་དུ་འདུག་ཅིང༌།  དེ་ནས་བར་གྱི་མཇུག་ཕྱི་མའི་མགོའི་བར་དེར་བོད་དབུས་གཙང་ཕྱོགས་འདིར་གློ་བུར་གྱི་མི་རྒོད་འགའ་ཞིག་གིས་ཡུལ་གྱི་ས་སྣེ་རྣམས་སུ་རྫོང་བརྩིགས།   ཡུལ་སོ་སོ་བདག་ཏུ་བཟུང་སྟེ་རང་རང་འདོད་པའི་འཕྲུལ་གྱིས་བསམ་སྦྱོར་མི་བསྲུན་པའི་དམག་མཚོན་གྱི་བསྐལ་པ་དར།  ཧོར་སོག་ཀླ་ཀློའི་དཔུང་ར་མདར་སྦྲན་ནས་ཡུལ་ཁམས་ཐམས་ཅད་བཅོམ་ཞིང༌།
སེམས་ཅན་ལ་བདེ་བའི་གོ་སྐབས་མེད་པའི་སྐབས་དེར་སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོད་ཀྱི་སེམས་ཅན་ལ་ཐུགས་བརྩེའི་དགོངས་པ་ཟབ་མོ་ཆོས་དབྱིངས་རྒྱ་མཚོའི་ཀློང་ནས་ཡེ་ཤེས་ཆེན་པོའི་གཟིགས་པ་དགོས་འདོད་ཡིད་བཞིན་ནོར་བུའི་འོད་ཟེར་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མཛད་པ་ལས་གཙང་སྟོད་རྒྱལ་པོའི་ཆབ་སྲིད་ཀྱི་རྟེན་འབྲེལ་རང་བཞིན་ལྷུན་གྱིས་གྲུབ་སྟེ།  ཕྱི་དར་གྱི་དབུ་ཚུགས་པ་ཡིན་ཞིང་རྒྱལ་རབས་འདི་ཉིད་ཀྱི་སྐུ་རུས་ནི་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་རྡོ་རྗེ་ཐེག་པ་ལ་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན་པའི་ནང་ནས་གཉགས་ཀུ་མ་ར་ཞེས་པ་དེ་ཉིད་ཀྱི་ལོ་རྒྱུས་ཞིབ་པ་ཡིག་ཚང་ལ་གསལ་ཞིང༌།  དེའི་གདུང་རབས་སུ་སྐྱེས་བུ་དམ་པའི་རིགས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་པ་དང༌།  ཆོས་བཞིན་སྐྱོང་བའི་རྒྱལ་པོ་དང༌།  ཡང་ཀུ་སུ་ལུའི་ཚུལ་དང་སྦས་པའི་ཚུལ་སོགས་དོན་དུ་སྐྱེ་བོ་དཀྱུས་མ་མིན་པའི་གདུང་རབས་ཀྱི་ཕྲེང་བ་རིགས་རུས་དང༌།  ཆོ་འབྲང་མ་ཉམས་ཤིང་རྒྱུད་ཀྱི་ལྷ་འགོ་བ་རིམ་བཞིན་ཟམ་མ་འཆད་པར་བྱོན་པའི་ནང་ནས་གནམ་བསྐོས་ལྷའི་བུ་ཞིང་ཤག་ཚེ་བརྟན་རྡོ་རྗེ་ཞེས་བསོད་ནམས་ཀྱི་མངོན་པར་མཐོ་བ་འདི་ཉིད་ལས་རིམ་པར་བརྒྱུད་པའི་ལྷ་དང༌།  གེ་སར་དང༌།   ཀརྨ་པའི་ཆོས་སྐྱོང་སོགས་ཀྱི་སྤྲུལ་པའི་མི་ཕོ་རྣམས་བྱོན་ཞིང༌།  དེ་དག་གི་ཞི་རྒྱས་དབང་དྲག་གི་རྣམ་ཐར་དང་སྤྲུལ་པ་བསྐྱེད་པ་བསམ་གྱིས་མི་ཁྱབ་པ།  བརྗོད་ཀྱི་མི་ལང་པ་འདུག་ཀྱང་འབྲི་བར་མ་ལང་ཞིང་ཟུར་ཙམ་ཞིག་བརྗོད་པ་ལས།  གནམ་སྦྱིན་མིའི་དབང་པོ་ཞིང་ཤག་ཚེ་བརྟན་རྡོ་རྗེ་དེ་ཉིད་ལ།  རྒྱལ་བ་ཀརྨ་མི་སྐྱོད་རྡོ་རྗེ་དང༌།   རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གིས་དབུས་གཙང་མངའ་བསྒྱུར་བར་ལུང་བསྟན་ནས་མཚན་དོན་གྱི་དབུ་བརྙེས་ལ།  དེ་ལ་སྲས་དགུ་ཙམ་ཞིག་བྱུང་བ་ལས་ཡོངས་སུ་གྲགས་པ་བོད་ཆོས་རྒྱལ་གྱི་སྤྲུལ་པ་ཀརྨ་མཐུ་སྟོབས་རྣམ་རྒྱལ་དང༌།  བེར་ནག་ཅན་གྱི་སྤྲུལ་པ་ཀུན་སྤངས་ལྷ་དབང་རྡོ་རྗེ།  གེ་སར་གྱི་སྤྲུལ་པ་ཀརྨ་བསྟན་སྲུང་དབང་པོ་གསུམ་བྱུང་བ་ལས་སྤྲུལ་པའི་དབང་པོ་འདི་གསུམ་གྱིས་གཙང་སྟོད་དུ་གཞན་ཕྱོགས་མ་རུངས་པ་ཚར་བཅད།  སྒར་ཆེན་ཀརྨ་པ་ཡབ་སྲས་སྤྱན་དྲངས་ནས་འབུལ་ཞབས་དབུས་གཙང་གི་རང་སྲིད་ཆེ་ཆུང་རྣམས་ལ་ཁུར་སྐྱོང་གནང་བ་སོགས་ཞི་རྒྱས་དབང་དྲག་གི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ལོ་རྒྱུས་གེ་སར་གྱི་སྒྲུང་དང་མཚུངས་པར་འདུག་ཀྱང་འབྲི་མ་ནུས།  འདི་གསུམ་གྱི་སྐུ་དྲིན་ལས་མཚན་དོན་གྱི་གཞི་ཚུགས།  དེ་གསུམ་གྱི་སྲས་ཀརྨ་ཕུན་ཚོགས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་ཧོར་སོག་ཕས་ཀྱི་རྒོལ་བ་ཚར་གཅོད་པ་ལ་ཨུ་རྒྱན་པངའི་སྤྲུལ་པ་བཞིན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་མེ་ཁྱིའི་སྤྱི་ལོ་1586ལོ་ལ་རྒྱལ་ཁབ་བསམ་འགྲུབ་རྩེར་སྐུ་བལྟམས།  མ་མའི་ཚོགས་ཀྱིས་སྐུའི་བསྐྱེད་བསྲིངས།  སྐུ་ཆུང་ངུ་ནས་ཐུགས་སྒམ་ཞིང་མཁྱེན་པ་རྒྱས་པ་མིའི་དབང་པོར་གྱུར་པ་ཞིག་ལགས་ཤིང༌།  སྐུ་གཞོན་ནུ་ནས་ཡབ་ཡུམ་གནམ་གྱི་གུང་སྐས་ལ་གཤེགས།  དགུང་ལོ་ཉི་ཤུ་རྩ་ལྔ་ལ་དམག་དཔུང་ཡན་ལག་བརྒྱད་ལྡན་དང་བཅས་ཏེ་དབུས་སུ་ཕེབས།  ཡར་རྒྱབ་དཔོན་ཆེན་སོགས་གཞན་ཕྱོགས་ཚར་བཅད།   དབུས་ལྷོ་བརྒྱུད་རང་ཞབས་སུ་བཅུགདེ་ནས་དབུས་གཙང་གི་རྒྱལ་ཕྲན་གདུག་རྩུབ་ཅན་རྣམས་ཚར་བཅད།  བཀའ་ཁྲིམས་བཟང་པོས་རྒན་མོ་གསེར་ཁུར་གྱི་དུས་འཇམ་དར་ཡུག་གཅིག་ཏུ་བརྐྱངསདེ་ནས་ས་ཕོ་རྟའི་ལོར་སྤྱི་ལོ1618ཧོར་སོག་ཀླ་ཀློའི་དམག་ཚན་པོ་ཆེ་བོད་དུ་ལུད།  བྱང་ཁམས་ཐམས་ཅད་དམག་གིས་བཅོམ།   ལྷ་ས་གཙུག་ལག་ཁང་ཡང་ཧོར་སོག་གིས་བཟུང་ནས་རྒྱ་གར་གྱི་ཛོ་ཀིམདོ་ཁམས་བྱར་དྭགས་ཀོང་གསུམ་དབུས་གཙང་སོགས་དད་ཆེན་གནས་སྐོར་པ་རྣམས་ཀྱང་ཇོ་བོ་ཤཱཀྱ་ལ་གསོལ་བ་རྒྱང་ནས་འདེབས་པ་མ་གཏོགས་སྐོར་བ་སྨོན་ལམ་སོགས་དགེ་བའི་ལས་རྣམས་བགྱིད་མ་ཐུབ།  ཤར་གྱི་ཇ་ལའི་འགྲུལ་གྱི་གསེར་ཟམ་ཡང་ཆད་པ་སོགས་དུས་ཤིན་ཏུ་མ་བདེ་བའི་མི་ཐམས་ཅད་ཨོ་རྒྱན་གྱི་སྦས་ལུང་འབྲས་མོ་གཤོངས་ཀྱི་གནས་སྒོ་སྒུག་པ་ལས་ཐབས་མ་རྙེད་པའི་སྐབས།   ས་སྐྱོང་མིའི་དབང་པོ་ཕུན་ཚོགས་རྣམ་པར་རྒྱལ་བས་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་གཡུལ་ཆེན་པོ་བཤམས་ཏེ་དཔུང་ཚོགས་ཡན་ལག་བརྒྱད་ལྡན་སྟོད་ལུང་མདར་ཕབ།  ལྷའི་དམག་ཚོགས་ས་ལ་འཕོས་པ་ལྟ་བུའི་གཟི་བརྗིད་ཀྱིས་མཐའ་དམག་རྣམས་ཚར་བཅད།   དབུས་གཙང་རུ་བཞི།   མདོ་ཁམས་སྒང་དྲུག  ལྷོ་མོན་ཁ་བཞི་སོགས་མདོར་ན་སྟོད་ཛཱ་ཏི་དབྱུག་པས་བརྡུངས་ས་ནས།   སྨད་རྒྱ་མོ་དར་ཟབ་འཐག་ས་ཡན་རང་ཞབས་སུ་བཅུགགཞིས་ཀ་བསམ་འགྲུབ་རྩེས་གཙོས་པའི་རྫོང་ཆེན་བཅུ་བཞི།   སའི་མེ་བཙའ་གནོན་པའི་རྫོང་ཕྲན་སོགས་ཞལ་འཛིན་གྱིས་སྐྱོང་བ་རྣམས་མ་གཏོགས།  རྫོང་ས་བཙན་གྱི་རིགས་རྣམས་མ་འོངས་པར་དུས་ཟིང་གི་རྒྱུར་འགྲོ་བར་དགོངས་ནས་ཐམས་ཅད་རྨང་མེད་པར་བཤིགཤིང་ཆ་རྣམས་ལྷ་སས་གཙོས་གཙུག་ལག་ཁང་རྣམས་ཀྱི་ཞིག་གསོས་དང་གྲུ་ཟམ་སོགས་ཀྱི་རྒྱུར་གནང༌།  ལྷ་སར་ཇོ་ཤཱཀྱ་རྣམ་གཉིས་ཀྱི་དྲུང་དུ་མཆོད་སྤྲིན་རབ་འབྱམས་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་ཁོར་ཡུག་སྟར་ཆགས་སུ་འཛུགས་པ་མཛད།  མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་སུའང་མཆོད་པ་རྒྱ་ཆེར་གནང༌།  སེར་འབྲས་དགེ་གསུམ་གྱིས་གཙོས་པའི་ཆོས་སྡེ་རྣམས་ཀྱི་འབའ་རེངས་པ་བསྟན་བཤིག་རྣམས་གནས་ནས་དབྱུངས།  རབ་བྱུང་གནས་བརྟན་དགེ་འདུན་མཁས་ཤིང་བཙུན་པ་རྣམས་བསྡུས་ནས་བསྟན་པའི་གད་བདར་དང་སྡེ་དགོན་བསྟན་པ་ཉམས་ཆག་ཏུ་གྱུར་པ་རྣམས་ཀྱི་ཁ་གསོའི་དབུ་ཚུགས།  རྒྱལ་བ་ཀརྨ་པ་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རྡོ་རྗེས་དབུས་གཙང་བདག་པོའི་ལུང་གནང་སྟེ་ཤེལ་ཐམ་དམར་ནགསྐྱ་དར་རྒྱ་གླིང་སོགས་ལུང་གི་ཆེ་བ་མངོན་པར་མཐོ་བའི་དགེ་མཚན་བསམ་གྱིས་མི་ཁྱབ་ཅིང་བཀའ་ཁྲིམས་བཟང་པོས་མངའ་འབངས་རྣམས་རྫོགས་ལྡན་གྱི་དུས་ལྟར་བདེ་སྐྱིད་དུ་མཛད་པའོ།  །  དེའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོའི་སྐུའི་བསོད་ནམས་ཀྱིས་མངོན་པར་མཐོ་བ་ཀརྨ་བསྟན་སྐྱོང་དབང་པོ་ཞེས་མཚན་སྙན་ཉི་ཟླ་ལྟར་གྲགས་པ་འདི་ཉིད།  བཀའ་གདམས་གླེགས་བམ་ཆུང་བར།  སངས་རྒྱས་དག་ནི་སྤྲུལ་པ་ཅི་ཡང་སྟོན།  །  ཞེས་པ་ནས།   རྒྱལ་པོར་སྤྲུལ་ནས་འགྲོ་བ་འདྲེན་པ་ལ།   །  རྒྱལ་པོའི་བུར་སྤྲུལ་རིམ་གྱིས་རྒྱལ་ས་འཛིན།  །  གལ་ཏེ་རྒྱལ་པོའི་བུ་ཉིད་མ་ཡིན་ན།  །  རྒྱལ་པོ་མི་འཐོབ་འཁྲུག་པ་འབྱུང་བར་འགྱུར།   དེ་བས་ཐབས་མཁས་རྒྱལ་པོ་སྟེན་པར་བྱེད།   །  ཅེས་གསུངས་པ་ལྟར།  མེ་ཕོ་རྟའི་སྤྱི་ལོ་1606ལོ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན། 
ཡུལ་སེང་གེ་ལུང༌།   མཆོད་རྟེན་རྒྱལ་པོ་སྐྱེས་སུ་སྐུ་བལྟམས།  མཚན་མཁན་རྣམས་ཀྱིས་བལྟས་པས་སྐུ་འཁྲུངས་པའི་ཡུལ་གྱི་མིང་དང༌།  འཁྲུངས་པའི་སྐར་མ་དུས་སྦྱོར་དང༌།   ཁྱད་པར་པད་མ་གླིང་པའི་ལུང་བསྟན་ཀུན་གསལ་མེ་ལོང་དུ།  ཨུ་རྒྱན་གྱི་སྦས་ཡུལ་ནས་བོད་དུ་ཕེབས་པའི་དུས་ཡུལ་གྱི་མིང་ལ་སེང་གེ་ལུང་དུ་བཏགས།  དེར་མཆོད་རྟེན་ཞིག་མཛད་ནས་རྒྱལ་པོ་སྐྱེས་སུ་མཚན་གསོལ།  མ་འོངས་པ་ན་འདིར་སྤྲུལ་པའི་རྒྱལ་པོ་ཞིག་བཙས་ནས་དེའི་རིང་ལ་བོད་ཀྱི་སེམས་ཅན་རྣམས་བདེ་སྐྱིད་ཉི་མའི་འོད་ཟེར་ཤར་བའི་ཞུར་ལྟ་བུ་ཞིག་ཡོང་གསུངས་པའི་ལུང་བསྟན་ཁུངས་བཙུན་ཡོད་སྣང་བའི་རྟེན་འབྲེལ་བྱུང་གི་སྟོབས་ལས་སྤྱི་བོ་གནམ་བསྟན་གྱི་རྒྱལ་པོ་འགྲན་པའི་ཟླ་དང་བྲལ་བ་འབྱུང་ཞེས་པ་ལ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པར་གྱུར་ཅིང༌།  སྐུ་ཆུང་ངུ་ནས་གཟི་བརྗིད་ཆེ་ཞིང་སྤྱན་དཔངས་མཐོ་བ།  མངའ་ཐང་ཆེ་བ།  སྐུ་བྱིས་པའི་ཚུལ་མི་སྟོན་ཞིང་སྒམ་པ།   དགོངས་པ་ཟབ་པ།  དཀྱེལ་ཆེ་བ།   བསྟན་པ་ལ་ལྷག་པར་གུས་པ།   འབྲི་ཀློག་ལ་སོག་པའང་བརྡ་ཙམ་གྱིས་མཁྱེན་ཅིང༌།  རིག་གནས་ལ་མཁས་པ།   འཕོང་དང་སྒྱུ་རྩལ་གྱི་རིགས་ལ་གེ་སར་གྱི་རྒྱལ་པོ་ལྟ་བུ།  ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང༌།   མངའ་འབངས་ལ་བརྩེ་བ།  མ་རུངས་པ་འདུལ་ཕོད་པ་ལྷའི་དབང་པོ་བརྒྱ་བྱིན་དང་མཚུངས་པ་འདི་ཉིད།  དགུང་ལོ་བཅོ་ལྔ་པ་ལ་རྒྱལ་ཁབ་ཆེན་པོ་བསམ་འགྲུབ་རྩེའི་གདན་སེང་གེའི་ཁྲིར་ཕེབས།  རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོས་བཀྲ་ཤིས་མངའ་གསོལ་རྟེན་འབྲེལ་མཐའ་དག་བསྒྲིག་པར་མཛད།   ཀརྨ་པ་ཡབ་སྲས་ཀྱིས་བོད་ཆོས་རྒྱལ་གྱི་ལུང་གནང༌།  ཁྲི་འདོན་མངའ་གསོལ་བསམ་གྱིས་མི་ཁྱབ་པ་མཛད།   དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ལ་བཏུད།  དགའ་སྟོན་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་མཛད་ཅིང༌།  སྤྱི་བོ་གནམ་བསྟན་བོད་རྩམ་ཟན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པའོ།  །  སླར་ཧོར་སོག་གི་དམག་སྐོར་གཅིག་བོད་དུ་ལྷགས་ཏེ་སྐྱིད་ཤོད་ལུང་པར་གནས་བཅས།  ལྷ་ས་ཟིན།   ཇོ་ཤཱཀྱ་རིན་པོ་ཆེའི་མཆོད་སྤྲིན་ལོ་གཉིས་བཅག  དུས་མ་བདེ་བ་ལ།   ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་དམག་དཔོན་རུ་བཞིའི་ལས་ཀ་བསྐོས།  དཔུང་ཚོགས་ཡན་ལག་བརྒྱད་ལྡན་བཤམས་ཏེ་དབུས་སུ་བརྫངས།  ཆོས་ཀྱི་རྒྱལ་པོའི་འདི་ཉིད་རང་ཀླ་ཀློ་ཚར་གཙོད་པའི་དགོངས་པ་ལ་ཞུགས་ཏེ།  ཞལ་དགྲ་ཕྱོགས་སུ་བསྒྱུར་པ་ཙམ་གྱིས་སྐུ་བསོད་མངའ་ཐང་གི་ཟིལ་མ་བཟོད་པར་རྒྱ་མཚོའི་མཐར་བྲོས།  འཛམ་བུ་གླིང་ལ་དབང་བསྒྱུར།   ཡབ་རྒྱལ་པོའི་དགོངས་པ་རྫོགས་ཐབས་སུ་རྟེན་བཞེངས།  གྲུབ་མཐའ་རིས་མེད་དུ་དུས་མཆོད་དུས་ཇ་སོགས་ཀྱི་ཐེབས་སུ་ས་ཆ་ཡོང་འབབ་ཁྲི་ཚོ་འབུམ་ཚོ་སྦྱར་བ་གནང༌།  ཡབ་རྒྱལ་པོའི་མཛད་པའི་འཕྲོས་ཞ་ལུ།  སྣར་ཐར།   ཐར་པ་གླིང༌།   བསམ་སྡིངས་སོགས་བསྟན་པའི་ཞལ་གསོ་ལེགས་པར་གྲུབ་པ་མཛད།  རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོ་ལ་ཟབ་གནད་ཀྱི་ཆོས་སྐོར་རྣམས་ལེགས་པར་གསན་ནས་ཆོས་ཉིད་ཀྱི་དོན་ཐུགས་སུ་ཆུད།  སྒར་ཆེན་འཛམ་གླིང་རྒྱན་རྒྱལ་ཁབ་ཆེན་པོར་སྤྱན་དྲངས་ཏེ་ཆིབས་བསུ་སེར་སྦྲེངས་སོགས།  ཁྲི་འབུལ་སྟོང་འབུལ་གྱི་འབུལ་ཞབས་སོགས་བསམ་གྱིས་མི་ཁྱབ་པས་མཉེས་པར་མཛད་ཅིང༌།  མཆོད་ཡོན་ཐུགས་ཡིད་གཅིག་འདྲེས་གནམ་ལ་ཉི་ཟླ་ཟུང་གཅིག  ས་ལ་མཆོད་ཡོན་རྣམ་གཉིས་གྲགས་པར་གྱུར་ཅིང༌།  གཞན་ཡང་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཞལ་ངོ་རྣམས་དང༌།   དཔལ་སྟག་ལུང་པ་སོགས་བོད་གངས་ཅན་གྱི་སྐྱེས་ཆེན་དམ་པ་རྣམས་ལའང་བཀའ་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད་ཅིང༌།   མཆོད་གཞིས་དགེ་རྒྱུན་ཡང་བརྒྱ་གྲངས་མང་པོ་འབུལ་སྦྱོར་མཛད་པ་དང༌།   ཁྱད་པར་དུ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་མཛད་ཆེན་ལྔར་གྲགས་པ་ནི། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ཞབས་ནས་འདེགས་པ་དང༌།  ཆོས་བཞིན་སྐྱོང་བའི་རྒྱལ་པོའི་ལུགས་བཟུང་བའི་ཕྱིར་བན་སེར་མོའི་ཕྱག་མི་བཞེས་ཤིང༌།  གྲུབ་མཐའ་རིས་མེད་ཀྱི་བན་ཁྲི་ཚོ་མང་པོ་རྒྱལ་ཁབ་བསམ་འགྲུབ་རྩེར་གདན་དྲངས་ནས་སེར་ཚོགས་ཚར་གསུམ་ལ་མང་ཇ་གདན་ནོན་གྱི་ཞབས་ཏོག་གསེར་དངུལ།  རིན་པོ་ཆེ།   རྒྱན་ཆས།  གོས་དར།   རྟ་ཁྲབ།   ལྕགས།   བུ་རམ།   བལ།   ཚོས།   བཙོད།  ཚྭ།   ནས་སོགས་འདོད་དགུའི་ལོངས་སྤྱོད་ཐམས་ཅད་སྤུངས་ཏེ་འགྱེད་ཆེན་གནང་བས་དགེ་འདུན་རེ་ལ་ལོ་རེའི་རྒྱགས་གོས་ཀྱིས་འཚོ་བར་མཛད་པ་དང་གཅིག མངའ་འབངས་ཐམས་ཅད་ཀྱི་བདེ་སྐྱིད་དང་གཉོམ་ཅུང་ཉམ་ཐག་པ་ལ་ཕ་མ་ལྟར་བརྩེ་བར་དགོངས་ཏེ་བོད་ཁྲིམས་བར་དུ་ལད་པ་རྣམས་གསོར་འཇུག་ཕྱིར་བཀའ་ཁྲིམས་ཀྱི་གའུ་ལེ་ཆེན་མོ་བསྒྲིགས་པ་གནང་ནས་མངའ་འབངས་ཐམས་ཅད་ཞོ་ལ་སྤྲིས་མ་ཆགས་པ་ལྟར་ཞོད་འཇགས་ཤིང་ཉིན་མཚན་གྱི་གཉིད་གོ་མ་ལོག་པར་ཉལ་ཆོག་པ་དང་གཉིས། མངའ་འབངས་ཁྲལ་མི་རྣམས་ངལ་གསོ་ཞིང་སྐྱིད་པ་ལ་སྐྱིད་པ་ངོ་ཤེས་པའི་ཕྱིར་བརྒྱ་ཚོ་རེར་ལོ་ལོ་བཞིན་ལོ་རེས་སྐོར་གྱི་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་རྣམས་བཅག་པའི་དར་རྒན་གྱི་ལུང་གནང་སྟེ་ལོ་འཁོར་རེར་རྒྱལ་ཁམས་ཐམས་ཅད་སྐྱིད་སྡུག་ཚར་རེ་སྙོམས་པར་གནང་བ་དང་གསུམ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་སེམས་ཅན་བདག་མེད་ཤ་རུས་པགས་པའི་ཕྱིར་སྲོག་གི་ཉེན་པ་རྣམས་སྐྱོབ་པ་དང་བདེ་བར་འདུག་པའི་ཕྱིར་ཆོ་འཕྲུལ་དུས་ཆེན་ནས་ཟླ་བ་བཅུའི་བར་རི་རྒྱ་ཀླུང་རྒྱ་བསྡོམས་པར་གནང་བ་དང་བཞི།    ར་སའི་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་ཇོ་ཤཱཀྱ་ཡིད་བཞིན་ནོར་བུ་ལ་ཐག་རིང་མཐའ་འཁོབ་ནས་མཎྜལ་ན་བཟའ་འབུལ་བ་དང༌།  ཕ་མ་དྲིན་ཆེན་གྱི་རུས་པ་སྐྱེལ་བ།   ཐོད་པ་གཏུགས་ནས་སྨོན་ལམ་རྒྱག་པ། གྲུབ་མཐའ་རིས་མེད་ཀྱི་ཆོས་ཀྱི་སྡེ་རྣམས་སུ་འབུལ་སྐྱེལ་སོགས་དགེ་རྒྱུན་གསེར་ཟམ་གྱི་བདེ་ཐབས་ཀྱི་ཕྱིར།  བྱང་རུ་རིགས་ཀྱི་ཁྲིམས་ཁ་བསྡམས་པར་མཛད་ནས་བཟང་འགྲུལ་མཐའ་འཁོབ་པ་སྤྲིན་པ་དཀར་པོ་ལ་ཚད་བཙུགས།  གངས་དཀར་པོ་ལ་སྣེ་གཏད།  ས་ནག་འདོམ་དུ་བཅལ་ནས་ཉམ་ཐག་ཅིང་ག་ཆད་པ་རྣམས་རྟ་ཆད་བྱང་ཁམས་སུ་གསོ་ཆོག་པ་དང༌།   མི་ཆད་ལྟོགས་འཁྱགས་ཀྱིས་བཙེས་པ་རྣམས་ལ་གྲོ་ཁ་བྱང་རུ་རིགས་ནས་གཡག་ལུགདབུས་ཀྱི་རྫོང་གཞིས་ནས་རྩམ་སྲན།   གོས་རྒྱུའི་སྣམ་ཕྲུག་གནང་སྟེ་བྱམས་བརྩེའི་བཀའ་དྲིན་གྱིས་བསྐྱངས་ཏེ་རང་རང་འདོད་པའི་བགྱིད་པ་རྣམས་བསྒྲུབས་ཏེ་རང་རང་གི་ཡུལ་དུ་བདེ་བར་ལོག་ཆོག་པ།  རྒྱ་ནག་པོའི་བྱང་སྒོ་སོག་ཡུལ་ནས་དབུས་གཙང་གི་བར་རྒན་མོ་གསེར་འཁུར་ལྟ་བུའི་དུས་བདེ་བར་མཛད་པ་དང་ལྔ་བཅས་ཡིན། 
གཞན་ཡང་ཞི་རྒྱས་དབང་དྲག་གི་མཛད་པ་སེམས་ཅན་གྱི་བདེ་ཐབས་འབའ་ཞིག་མཛད་པས་སྤྱིའི་དཔོན་གཙང་སྟོད་རྒྱལ་པོའི་མཚན་དོན་དང་མཐུན་ཞིང་ཆོས་ཀྱི་རྒྱལ་པོར་གྱུར་པ་ནི་ཤབ་དང་ཤོབ་མི་དགོས་པར་འདི་ཀའོ།  །  གདུང་རབས་འདི་ཉིད་རིམ་པར་བྱོན་པའི་ཕོ་བྲང་གི་ལྟེ་བ་ནི།  རྒྱལ་ཁབ་ཆེན་པོ་བསམ་འགྲུབ་རྩེ་ཞེས་རྣམ་པར་རྒྱལ་བའི་ཁང་བཟང་དམ་པ་འདི་ཉིད་ཡིན་ལ་རི་རྒྱལ་རིན་ཆེན་སྤུངས་པ་འདྲ་བ་ཕྱོགས་བཞི་ནས་བྲག་སེང་གེ་འདྲ་བ་དྲུག་གིས་བཏེགས་པ།  ཕྱིའི་སྒོ་ལྕོག་སེང་གེ་སྒོ་མོ།   ལྕགས་རི་འོབས་མུ་ཁྱུད་རྣམས་ནི་སྲིན་པོའི་མཁར་ལྟར་བཙན་ཞིང་རྔམས་པ་དང༌།  དགྲ་བོའི་མགོ་བོ་དང་རྒྱུ་མ།   མ་རུངས་པ་ཁྲིམས་ལས་བསྒྲལ་པའི་མིག་དང་ལག་པའི་ཕྲེང་བ་སོགས་འཇིགས་ཤིང་སྐྱི་གཡའ་བ།  བར་གྱི་སྒོ་ལྕོག་རྣམ་སྲས་ཀྱི་ཁང་བཟང་ལྟར་འབྲུ་རིན་པོ་ཆེའི་དཀོར་མཛོད་དང༌།  རྡོ་ལེབ་ཟླ་བ་ལྟར་དཀར་བ་གཅལ་དུ་བཀྲམ་པའི་ར་བ་ཡངས་པ།  ཕྱོགས་བཞིར་སྒོ་ཁང་བསིལ་ཁང་དང་སྐས་ཀྱིས་མཛེས་པ།  ཕོ་བྲང་གི་ལྟེ་བ་ནི་ལྷའི་ཁང་བཟང་ལྟར་མཛེས་ཤིང་ལྟ་བས་མི་ངོམས་པ་གསེར་གྱི་རྒྱ་ཕུབས་དང་བྲེ་འགྱོགས་ཟ་རམ་བརྩེགས་ཀྱིས་མཛེས་པ།  གསེར་གྱི་རྒྱལ་མཚན་དང་གདུགས་དང་འཕན་གྱིས་བརྒྱན་པ།  སྐུ་གསུང་ཐུགས་རྟེན།   དེ་བཞིན་གཤེགས་པའི་འཕེལ་གདུང་རིན་པོ་ཆེ་ལ་སོགས་པ་མཆོད་པའིབྱེ་བྲགརོལ་མོའི་སྒྲས་དཔག་ཚད་ཀྱི་བར་ཁྱབ་པ་སོགས་བདེ་བ་ཅན་ནམ་མངོན་དགའི་ཞིང་ལྟ་བུ།  གསེར་ཁྲི་དངུལ་ཁྲིའི་སྟེང་དུ་མི་དབང་ཆོས་ཀྱི་རྒྱལ་པོ་བཙུན་མོའི་ཚོགས་དང༌།  མདུན་ན་འདོན་དང༌།   རྒྱལ་ཕྲན་རྟ་པ་དྲུང་འཁོར་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་ཏེ་བཞུགས་པ་ནི།  ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་ལྟ་བུ།  ཕྱོགས་བཞིའི་བྱ་ར་བ་རྣམས་ཀྱི་བྱ་མ་རྟའི་ཚོགས་དང༌།  རྒྱ་གར་རྒྱལ་པོ་ཨར་ག་པར་བྱ།   རྒྱ་ནག་རྒྱལ་པོ།   ས་ཐང་གོང་མ།  སོག་པོ་གཞུང་དྲུག་སོགས་ཀྱི་གསེར་ཡིག་མི་སྣའི་ཚོགས་ནི་མེ་ཏོག་ཟིལ་དངར་ལ་བུང་བ་འདུ་བ་བཞིན་འཐིབས་སེ།  ཁོར་ཡུལ་ཏུ་འདུ་བ་ཕོ་བྲང་གི་ཕྱོགས་བཞིའི་ཚལ་བཞི།   ཤར་རྩེ་དཀར་ཚལ་ལག་མཐིལ་ལྟར་སྙོམས་ཤིང་ཉམས་དགའ་བ།  ལྷོར་བཀྲ་ཤིས་དགེ་བའི་ཚལ་ཁང་བཟང་དང་ཁྲུས་ཀྱི་རྫིང་བུ་མེ་ཏོག་སྣ་ཚོགས་སྐྱེ་བའི་ལྡུམ་རར་བྱ་སྣ་ཚོགས་སྐད་སྙན་སྒྱུར་ཞིང་སྐྱིད་པ།   ནུབ་དགའ་བ་ཚལ་བཟའ་ཤིང་ར་བས་ཡོངས་སུ་སྐོར་ཞིང་དགེ་འདུན་གྱི་ཀུན་དགའ་ར་བ་སོགས་བག་ཕེབས་པ།   བྱང་ཆུ་གྲོང་དང་ཇ་ཚོ་ཚལ་སྨན་ལྗོངས་འབབ་ཆུས་བརྒྱན་ཅིང་ཡིད་དུ་འོང་བས་སྐོར་བའི་ཕོ་བྲང་འདི་ཉིད་ཀྱི་མ་ལག་ཏུ་གཏོགས་པ་ཤར་རྒྱལ་མཁར་རྩེ་སེང་གེ་གནམ་ལ་འཕྱོ་བ་ལྟ་བུ།  པ་རྣམ་ལྷུན་གྲུབ་རྩེ་གནམ་ལ་ཟོ་བ་བཏགས་པ་ལྟ་བུ།   གཞིས་ཀ་རིན་སྤུངས་ལྷུན་ཆགས་པ་སོགས་ཀྱིས་ཡོངས་སུ་སྐོར་ཞིང༌།  ཕྱི་ལྕགས་རིའི་ཚུལ་དུ་ཤར་མི་འགྱུར་ཞིང་དྭགས་ཀོང་ནི་ཁ་གནོན་འོལ་དགའ་སྟག་རྩེ།   ལྷོ་མི་འགྱུར་ཞིང་ཀློ་མོན་གྱི་ཁ་གནོན་དོ་བོ་རྫོང༌།  ནུབ་མི་འགྱུར་ཞིང་བལ་པོ་རྒྱ་གར་གྱི་ཁ་གནོན་རྣམ་རྒྱལ་ལྷ་རྩེ།  བྱང་མི་འགྱུར་ཞིང་ཧོར་སོག་རྒྱ་ནག་གི་ཁ་གནོན་གསང་སྔགས་བདེ་ཆེན་དང༌།  གཞན་ཡང་ས་གནས་མེ་བཙའ་གནོན་པའི་རྫོང་མཁར་བཙན་མང་པོས་སྐོར་བའི་དབུས་སུ་བོད་ཀྱི་རྡོ་རྗེ་གདན་ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌།  དགེ་འདུན་ཁྲི་ཕྲག་འདུ་བའི་ལྷ་སྡེ།   མངའ་ཁུལ་མི་སྡེ་གྲོང་ཁྱེར་གནམ་གྱི་སྐར་མ་སར་ཆགས་པ་ལྟ་བུ།  དགོས་འདོད་ཀྱི་གཞི་རྒྱ་བོད་འཕྲུལ་ཟམ་གྱི་ཚོང་འདུས་གང་ལ་གང་འདོད་དུ་འདུ་བ།   ལོ་ཕྱུགས་རྟག་ཏུ་ལེགས་ཤིང་སྐྱ་རྒྱས་པ།   བཀྲ་ཤིས་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་བསོད་མངོན་པར་མཐོ་བའི་བཀའ་དྲིན་ལས་བྱུང་བ་འདི་ལགས་སོ།  །  ཞེས་པ་ནི་གཙང་པའི་གདུང་རབས་ཀྱི་མ་ཡིག་ཇི་བཞིན་བཀོད་པའོ།

2. གཙང་པ་རྒྱལ་པོའི་དུས་རབས།

གཉིས།   གཙང་པ་རྒྱལ་པོའི་སྲིད་གཞུང་གི་སྒྲིག་གཞི་དང༌།  རྩ་ཁྲིམས་སྐོར། 
དེ་ཡང་སྤྱི་ལོ་1618པའི་ས་རྟ་ལོར་ཧོར་སོག་གི་དམག་དཔུང་ཚན་ཆེན་ཞིག་བོད་དུ་ཡོང་ནས་ལྷ་སའི་གཙུག་ལག་ཁང་སོགས་བཟུང༌།  སྐྱིད་ཤོད་ལུང་པ་ལ་གནས་བཅས།   བྱང་ཕྱོགས་ནག་ཆུའི་ཕྱོགས་ཀྱི་སྡེ་ཕལ་ཆེར་བཅོམ་ནས་དམག་གིས་བཟུང༌།  བོད་ཁམས་ཧོར་སོག་གིས་བཟུང་བའི་ཉེན་ཁ་ཉིན་ལྟར་ཇེ་ཆེར་འགྲོ་བའི་སྐབས་དེར།   གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་ཀརྨ་བསྟན་སྐྱོང་དབང་པོས་གཙང་དམག་ཁྲི་ལྷག་ཙམ་ཁྲིད་ནས་དབུས་སུ་སླེབས།  སོག་དམག་ལ་ཕར་རྒོལ་བྱེད་པའི་སྐབས་སུ།   སོག་དམག་གིས་དགེ་ལྡན་པའི་ཆོས་ལུགས་དར་སྤེལ་གཏོང་བའི་ཆེད་དུ་ཡིན་པ་ལ་ཁ་གཡར་ནས་སེར་འབྲས་ཀྱི་གྲྭ་ཚང་རྣམས་ལ་ཁོ་ཚོར་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བྱས་མཐར།  སེར་འབྲས་ཀྱི་གྲྭ་དམག་ལངས་ཏེ་སོག་དམག་དང་མཉམ་དུ་གཙང་དམག་ལ་འཐབ་འཛིང་བྱས་ཀྱང་མཐར་གཙང་དམག་རྒྱལ་ཏེ་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས་དབུས་གཙང་ཡོངས་ལ་དབང་སྒྱུར་བྱེད་པའི་སྲིད་དབང་བཙུགས།  སྤྱི་ལོ་1620པའི་ལྕགས་སྤྲེལ་ལོར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་འབྲུམ་ནད་ཀྱིས་གྲོངས།  དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོ་གཙང་པ་རྒྱལ་པོའི་ཁྲིར་འཁོད།  བོད་ཁམས་ཡོངས་ལ་དབང་སྒྱུར་བྱེད་པའི་སྒྲིག་གཞི་དང་ཁྲིམས་སྲོལ་བཏོད།

1. སྲིད་འཛིན་གྱི་སྒྲིག་གཞི་ལ།       བོད་ཀྱི་ཆབ་སྲིད་ལ་དབང་སྒྱུར་བྱེད་པའི་སྲིད་འཛིན་ཕོ་བྲང་གི་ལྟེ་བ་གཞིས་ཀ་བསམ་འགྲུབ་རྩེར་གཏན་འབེབས་གནང༌།  ཕོ་བྲང་ཆེན་པོ་འདི་ཉིད་ནས་ཐད་ཀར་བདག་སྐྱོང་གནང་བའི་རྫོང་ཆེན་བཅུ་བཞི་བཙུགས།  དེ་དག་རེ་རེའི་མངའ་འོག་ཏུའང་རྫོང་ཕྲན་མང་པོ་བཙུགས་ནས་དབུས་གཙང་རུ་བཞི།  མདོ་ཁམས་སྒང་དྲུག  ལྷོ་མོན་ཁ་བཞི་སོགས་བཀའ་ཁྲིམས་ཆེན་པོའི་མངའ་འོག་ལས་འདའ་བ་མེད་པར་མཛད།  སྔོན་ཕག་གྲུ་སྡེ་སྲིད་ཀྱི་དུས་མཇུག་ཙམ་ན་བཙུགས་པའི་ས་བཙན་རྫོང་བཙན་གྱི་རིགས་རྣམས་མ་འོངས་པ་ན་དུས་ཟིང་གི་རྒྱུར་འགྲོ་བར་དགོངས་ནས་རྨང་མེད་དུ་བཤིགས།  ལྷག་པར་དུ་མཐའ་མཚམས་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་པའི་སྡེ་ཚན་ལ་མི་འགྱུར་པའི་རྫོང་བཞིར་གྲགས་པ།  ཤར་མི་འགྱུར་བ་འོལ་དགའ་སྟག་རྩེ་རྫོང༌།   དྭགས་ཀོང་གི་ཁ་གནོན་དུ་བཙུགས།  ལྷོ་མི་འགྱུར་བ་དོ་བོ་རྫོང༌།   ཀློ་མོན་གྱི་ཁ་གནོན་དུ་བཙུགས།  ནུབ་མི་འགྱུར་པ་རྣམ་རྒྱལ་ལྷ་རྩེ་རྫོང༌།  བལ་པོ་དང་རྒྱ་གར་གྱི་ཁ་གནོན་དུ་བཙུགས།   བྱང་མི་འགྱུར་བ་གསང་སྔགས་བདེ་ཆེན་རྫོང༌།  ཧོར་སོག་གི་ཁ་གནོན་དུ་བཙུགས་པ་བཅས་མཐའ་ཁུལ་བརྟན་སྲུང་དང༌།  དུས་ཟིང་ཞོད་འཇགས་ཀྱི་ལས་ལ་ཐུགས་ཁུར་ཆེན་པོ་གནང༌།

2.  དམག་དོན་གྱི་སྐོར་ལ།       སྤྱིར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་འཛིན་སྒྲིག་གཞི་ཞིག་བཙུགས་པ་ནས་བཟུང་དེ་ལ་ཞབས་འདེབས་བྱེད་པའི་དམག་དཔུང་གི་སྒྲིག་འཛུགས་རེ་བྱས་ཡོད་ཀྱང༌།  བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལ་ཆོས་་སྲིད་ཀྱི་མཛད་པ་གཙོ་བོར་བྱས་ནས་བཀོད་ཡོད་པའི་སྟབས་ཀྱིས།  དམག་དོན་གྱི་སྐོར་ལ་ཕྱོགས་མཚོན་ཙམ་རེ་ལས་འཁོད་མི་འདུགདཔེར་ན།   འགྲོ་མགོན་འཕགས་པའི་སྐབས་སུ་མདོ་སྨད་བརྒྱུད་དུ་ས་མཚམས་སྲུང་བའི་ཆེད་དུ་བོད་དམག་འབོར་ཆེན་འདུས་ཚུལ་མདོ་སྨད་ཆོས་འབྱུང་ན་གསལ་བ་ལྟར་དང༌།  ཕག་གྲུའི་གོང་མ་བྱང་ཆུབ་རྒྱལ་མཚན་གྱིས་གཏན་འབེབས་གནང་བའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང༌།   གཙང་པ་རྒྱལ་པོའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་རྣམས་ཀྱི་ནང་དུ་དཔའ་བོ་སྟག་གི་ཞལ་ལྕེ་ཞེས་པ་དེ་དམག་དོན་སྐོར་གྱི་ཁྲིམས་ཡིག་ཞིག་ཡིན་པར་མ་ཟད།  གཙང་པ་རྒྱལ་པོའི་ཁྲིམས་ཡིག་ནང་དུ།  དམག་དཔུང་རྣམས་ལ་གཡས་རུ་གཡོན་རུ་དབུས་རུ་གསུམ་བྱས།  དེ་ལའང་རུ་དཔོན་བརྒྱ་དཔོན་བཅུ་དཔོན་བསྐོས།   ཞེས་སོགས་དང༌།  དམག་འདི་ལ་མེད་དུ་མི་རུང་བའི་མི་བཞི་དགོས་ཏེ།   ན་བ་གསོ་བའི་སྨན་པ།  ལེགས་ཉེས་སྟོན་པའི་མོ་མ།   དགྲ་གྲོགས་བརྩི་བའི་གཡུལ་རྒྱལ།   དགྲ་ལྷ་གསོལ་བའི་ཐུགས་དཀར་དང་བཞིའོ།   །  ཞེས་དང༌།  དོན་དེ་སེམས་ལ་བཟུང་ནས་རང་རང་གི་སྲོག་འཚོ་བའི་རྟ་ཕོ།  མགོ་ཕིབས་ཀྱི་གུར།   སྲོག་ཁེབས་ཀྱི་ཁྲབ།   འཆོར་སྐྱོར་གི་ལུས་ཆས་རྣམས་ལ་ཁྲལ་འཇལ་དུ་མ་སོང་བ་དང་དོད་ཆེ་བར་བྱེད།  ཅེས་སོགས་འབྱུང་བ་ལྟར་ཤེས་པར་བྱའོ།   །

3.  རྩ་ཁྲིམས་ཀྱི་སྐོར་ལ།      གཙང་པ་རྒྱལ་པོས་སྲིད་དབང་སྐྱོང་བ་དང་དུས་མཚུངས་སུ་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཏན་འབེབས་གནང་ཡོད་པ་འདི་ནི།  ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་དུས་ཡུན་ཐུང་ངུའི་ནང་དུ་ཁོང་གིས་ཆབ་སྲིད་སྐྱོང་ཚུལ་ལ་ཞིབ་འཇུག་བྱེད་པར་བརྒྱ་གོ་གཅིག་ཆོད་ཀྱི་དཔྱད་གཞིའི་ཡིག་ཆ་ཞིག་ཏུ་ངེས་པ་དང༌།  འདི་ལ་བརྟེན་ནས་ཁོང་གི་མཁྱེན་པའི་ཡོན་ཏན་དང་སྒམ་པོའི་ཐུགས་རྒྱ་སོགས་དཔོག་ནུས།  དེར་བརྟེན་ཁྲིམས་ཡིག་གི་མ་དཔེ་ཇི་བཞིན་འདིར་དཔྱད་གཞིར་དགོད་རྒྱུ་ཡིན་ལ།  ཞལ་ལྕེ་འགའ་ཞིག་ཕག་གྲུའི་ཁྲིམས་ཡིག་དང་གཅིག་མཐུན་བྱུང་ཡོད་པ་དེ་རིགས་གྲངས་ཀྱི་མིང་ཙམ་ལས་མ་བཀོད།  དེ་དོན་ཞིབ་ཏུ་རྟོགས་པར་འདོད་ན་མ་དཔེ་དངོས་ལ་བལྟའོ།   །  འོན་ཀྱང་ཕག་གྲུའི་ཁྲིམས་ཡིག་དང་མིང་གཅིག་ཀྱང་དོན་གྱི་འགྲེལ་བཤད་མི་འདྲ་བའི་རིགས་རྣམས་ཇི་བཞིན་དུ་བཀོད་ཡོད།  དཔེར་ན་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་ལས་དཔའ་བོ་སྟག་གི་ཞལ་ལྕེ་ཞེས་པ་དེ།  འགྲེལ་བཤད་དུ་ནང་དོན་ཁ་གསལ་ཞིག་མེད་པ་ལ་འདིར་འགྲེལ་བཤད་ཁ་གསལ་བར་མ་ཟད་ཞལ་ལྕེ་འདི་གཙོ་བོ་དམག་དོན་གྱི་ཁྲིམས་ཡིག་ཡིན་པ་གསལ་བར་བྱས་འདུག་པས་མ་ཡིག་ཇི་བཞིན་བཀོད་པ་གཤམ་གསལ་ལྟར་རོ།

3. ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག

3.1. དང་པོ་དཔའ་བོ་སྟག་གི་ཞལ་ལྕེ་ནི།

དགྲ་འདུལ་བ་ལ་དགོས་ཏེ།  དེ་ཡང་འདུལ་བ་ལུང་དུ་རྒྱལ་ཁྲིམས་ཀྱི་ལུང་དྲངས་པར།   མཁས་པ་རྣམས་ནི་གཞོམ་པ་དང༌།  །  རབ་ཏུ་སྦྱིན་དང་བསླུ་བ་དང༌།  །  ཀུན་ཏུ་དཔྱད་དང་ལྔ་བར་ནི།   །  དཔུང་གི་དོན་རྣམས་འགྲུབ་པར་བྱེད།  །  ཅེས་གསུངས་པ་ལྟར།   དགྲ་ཕ་རོལ་པོ་འདུལ་ཐབས་ལ་ཐོག་མར་དྲག་པོ་མཐར་སྐྱེལ་ཡ་འུད་དང་མི་བསྲེ་བར།  འཇིག་རྟེན་གྱི་ཁ་དཔེར།  ཕྱི་པད་མ་དཀར་པོའི་རྒྱ་མ་ཞིག་པ།   ནང་ཅོ་ག་གྲོ་མོའི་ཚང་མ་འཐོར་བ་དགོས་ཟེར་བ་ལྟར་དང༌།  བྱ་མ་འཕུར་སྒོ་ང་ལོན་པའི་དཔེ་ལྟར། 
1    མཁས་པ་རྣམས་ནི་གཞོམ་པ་དང༌།  ཞེས་པའི་དོན།      རྒྱལ་སྲིད་ལྟ་བུའི་སྟོབས་དང་གཡུལ་ཕན་ཚུན་སྙོམས་པའི་དགྲའམ་རང་རང་ཚོད་ཀྱི་དགྲ་གང་ལའང་ཐོག་མ་ནས་དགྲ་འདུལ་མི་རྩོམ་པར།  ཁེ་ཉེན་བསྒྲགས།   གོ་བ་བསྐོན།   གསེར་ཡིག་གི་འགྲུལ་བཙུགས་ཏེ་ལབ་ཀྱི་སྒོ་ནས་འདུལ་ཐབས་དང༌།  ཞི་རྒྱས་དབང་དྲག་གང་འགྲོ་གང་ཟབ་དབྱིབས་བལྟ་དགོས་པ་བཞིན།  མི་སྣ་གསེར་ཡིག་གིས་ཀྱང་རང་གི་དཔོན་ཁུངས་ཀྱི་བསྒྲུབ་བྱ་གཙོ་བོར་བཟུང༌།   དྲག་པོ་མཐར་སྐྱེལ་དུ་སོང་ན་ལེགས་ཉེས་སྤྱི་མར་ཡོད་པས་ཁེ་ཉེན་ཤེས་པར་བྱ།  དྲག་པོ་དམག་གི་འཕྲུལ་འཁོར་ལ་སྦྱོར་དངོས་རྗེས་གསུམ་གྱི་བསམ་སྦྱོར་ངན་པ་ཚང་བའི་དགེ་སྡིག་བླང་དོར་མ་ལོག་པའི་སྒོ་ནས་ཐོག་མའི་མི་སྣས་རྒྱུ་བརྔན་པ།  འགྲིམ་འགྲུལ་གྱི་དཀའ་ལས་མ་བསམ་པ།   ཐབས་ལ་མཁས་པར་བྱ་ཞིང་བསམ་པ་ཆེ་བར་བཟུང་ཐེག་པ་ཆེ་བར་འཁུར།   གཏིང་གྱོང་བར་བྱས།   ཁ་འཇམ་པར་བྱས་ནས་སོ་སོའི་བློ་ཁྲིད་པའི་ཁོག་ནས་རང་དོན་ལ་འཇུག་གང་ཐུབ་བྱས་ཏེ་འཇིག་རྟེན་གྱི་ཁ་དཔེ་འདྲ་བ་མཉམ་པོར་གྲུ་བཞི་དྲོས་ཟེར་བ་ལྟར།   ཁེ་ཉེན་བསམ་ལ་བདེན་པའི་བསྒྲུབ་བྱ་བཀོད།  ཕ་རོལ་གྱི་གྲོས་རར་འཚངས་ནས་འཆར་བསྟན།  དེས་མ་ཉན་ན་མི་གཏི་ཐུག་ཅིག་དོན་ལ་འཇུག་མི་ཤེས།  གཡོན་ཅན་དྲང་པོར་སྨྲ་ཟེར་བའི་དཔེ་འདིར་ཡོང༌།  ཕ་རོལ་པོས་རང་གི་བྱ་བ་མ་ཤེས་ན།   སྤྲ་བ་ལ་མེ་མཆེད་པ་ལྟར་གྲོས་ཕྱེད་དགྲ་ལ་དྲིས་བྱ་བ་འདིར་ཡོང༌།  སྡེ་གཟར་ཕ་འཁྲུག་བུ་འཁྲུག་ཀྱང་མི་སྣ་གསེར་ཡིག་འགྲུལ་མི་གཅོད།  ཁ་ངན་དང་ཚིག་ངན་མི་རྒྱགགསེར་ཡིག་གི་སྔོན་འགྱུར་གྱི་བསླུས་ཧམ་སྡེབས་སྟོང་མི་བྱེད།  ཕན་ཚུན་གྱི་བདག་རྐྱེན་བཟང་བ་བྱེད།   མི་སྣ་གསེར་ཡིག་ཕན་ཚུན་སུའི་ཡིན་ཀྱང་སྤྱི་མིར་ཆ་འཇོག  བར་མི་བླ་མ་སྡེ་དཔོན་གཙོ་བོ་སུ་འདྲ་ཞིག་གི་གསེར་ཡིག་ཡིན་ཀྱང་སྐྱེལ་མ་ཐུབ་དགོས་ཤིང༌། 
2      རབ་ཏུ་སྦྱིན་དང༌།   ཞེས་པའི་དོན་ནི་དགྲ་ལ་ནོར་རྫས་ཟང་ཟིང་དངོས་པོ་སྦྱིན་ཏེ་གཏན་གྱི་དོན་དང༌།  དགྲ་དཔུང་ཚོགས་ཆེ་བ་ཡོད་ན།   དགྲ་གཉིས་བྱུང་ན་དགྲ་གཅིག་པང་དུ་ལོངས་ཟེར་བའི་དཔེ་ལྟར།  དགྲའི་དཔུང་ཚོགས་ནས་ནང་ཚན་ཕྲལ་ཏེ།  ས་ཁང་ཡུལ་མཁར་སོགས་བྱིན་ཏེ།   དགྲ་ལྟེ་བ་ནུས་པ་ཇེ་ཆུང་ལ་གཏོང་བའི་ཐབས་དང༌། 
3    བསླུ་བ་དང་ཞེས་པ།   མནའ་ཟ་བ་དང༌།   ཉེ་སྦྲེལ་བ་དང༌།   གྲོགས་པོ་བྱས་ནས་བསླུ་བ་མ་ཡིན་ཏེ།  ཐབས་མཁས་ཀྱིས་ཁ་དྲངས་ནས་མགོ་སྐོར་བའམ།  ལབ་ཀྱི་སྒོ་ནས་བློ་བྲིད་དེ་བཙོན་དུ་འཇུག་པ།   ཡོད་མེད་གོ་ལོག་གིས་དགྲ་ཐབས་ཀྱིས་སྐུངས་འཇུག་པ་དང༌།  འབེབས་སྤྲོད་པ།  དཔུང་ངོ་བརྫུས་རྟ་བརྫུས།   བྱ་ལོག་གཏམ་ལོགམཚན་མོ་དགྲ་ཕྱོགས་ཀྱི་ཐག་ཉེ་མ་རིང་ངོ་མ་ཕག་ཏུ།   མེ་ཁ་མང་པོ་སྦར་ཏེ་རྡབས་སྤྲད་ནས་བསླུ་བ་ཡིན་ཞིང༌།  དཔའ་བོ་དྲག་ཐབས་ལ་མཁས་པ་ཞེས།  རང་ཟོང་ཟད་ལ་མ་སོང་བའི་ཐབས་མཁས་ཀྱིས་བསླུ་ཞིང་མནའ་ཟོས་དུག་སྦྱོར་གྱིས་བསླུས་ན་ཁྲེལ་མེད་ངོ་ཚ་བོར་བའི་གསོན་པོ་ལས།  བག་ཡོད་ཚུལ་དང་ལྡན་པའི་ཤི་བོ་མཆོག་ཟེར་བ་ལྟར་ཕོ་རབ་ཀྱི་དགོས་པ་འདི་ཡིན་ལགས།
4     ཀུན་ཏུ་དཔྱད་དང༌།  ཞེས་པ་ནི་བརྟག་དཔྱད་ལེགས་པར་བྱས་ཏེ།   གཞན་ཕྱོགས་གཉེན་པོ་གང་འགྲོ་བརྩམས་པ་དང༌།  ས་ཆུ་ལུང་པའི་གནས་དབྱིབས་རྫོང་ལྟ་བུའི་བཙན་དམིགས་ལ་བརྟག་དཔྱད་བྱས་ནས་དམག་དཔུང་གི་འཁྱེར་འཁྲིད་དང༌།  འཚང་ཁའི་གནས་ཡུལ་དང་རང་ཕྱོགས་བཙན་དམིགས།   གཞན་ཕྱོགས་ཕ་རོལ་གང་ཡོང་གང་བྱེད་ལ་བརྟག་དཔྱད་དང༌།  རང་སྐྱོན་སྐྱོར་ནས་དགྲ་དང་འཐབ་ཟེར་བའི་དཔེ་ལྟར་ཁེ་ཉེན་གྱི་བརྟག་དཔྱད་ལེགས་པར་བྱེད་དགོས་ཤིང༌། 
5    དཔུང་གི་དོན་རྣམས་སྒྲུབ་པར་བྱེད།   ཅེས་པ་ནི་གོང་གི་ཐབས་རྣམས་ཀྱིས་མ་ཐུལ་ན།  དཔུང་དང་དམག་གི་གཡུལ་བཤམས་ཏེ་དགྲ་ཕ་རོལ་འདུལ་དགོས་ཏེ།  དེ་ལ་རང་ཕྱོགས་ཐམས་ཅད་བསམ་པ་གཅིག་ཏུ་འཛོམ་དགོས་པས།  ཁ་དཔེར།   གསེར་བཅག་དངུལ་དཀྲུམས་ར་གན་ལྷད་ཕུད་ཟེར་བ་བཞིན།   རང་ཕྱོགས་འདྲིལ་བའི་སྲིད་པོ་རྣམས་སྐྱིད་ཚང་གཅིག་དང་སྡུག་སྐོར་གཅིགགཞུ་ཕྱོགས་གཅིག་ཏུ་བདུངས།  སྐྲ་གཅིག་ནས་འཐེན་ན་མགོ་ཡོངས་ཚ་ཟེར་བ་ལྟར་འོག་ཞོལ་ཕྱི་ནུད་མི་བྱེད་པ་སོགས་བསྐྱར་སྦྱངས་ལེགས་པར་བྱས།  བློ་མི་ཁེལ་བ་རྣམས་ཐབས་མཁས་ཀྱིས་རང་སྲིད་མ་ལོག་ཙམ་གྱི་སྒོ་ནས་སྤངས།  ན་ནུས་འཆི་ནུས་བགྱིད་ནུས་པའི་བསམ་པ་གཅིག་ཏུ་བྱུང་བ་རྣམས་བློ་སྟོབས་ཀྱིས་སྲིད་པ་འདེགས་ནུས་པ།  ང་རྒྱལ་གྱིས་ཕའང་བརྡེག་ནུས་པ།   ཁེ་ཉེན་བལ་འདབ་རྡོ་གནོན་ཏུ་བརྩི་ཤེས་པ།  འགྲོ་འཚམས་ལ་མཁས་པ།   ཡིད་མི་ལྷོད་ཅིང་བློ་མི་འགེལ་བ་ཚེར་ཕུང་སྟེང་ཉལ་བ་ལྟར་གཞན་གྱི་བློ་འདྲི་འབྲུ་ལ་མཁས་ཤིང་གང་ཟེར་ལ་མི་གཏོང་བ་མཚང་འབྲུ་འཇབ་ཤེས་སོགས་ཡོན་ཏན་དེ་དག་དང་ལྡན་པའི་དཔའ་བོ་རྣམས་ཀྱིས་གཡུལ་བཤམས་ཏེ་དྲག་ཤུལ་དང་གདུག་རྩུབ་བཙན་ཆས་པ་ལྟར་དགོས་ཤིང་བུ་དམག་ལ་ཆས་གདོང་དུ་ཕ་མ་སྡོད་བྱ་བ་དེ་འདི་ཡིན།   འོན་ཀྱང་མི་ཕྱེད་སྲིན་པོར་སོང་ཡང་གཞོག་ཕྱེད་ཁྲིམས་ལ་བརྟེན་ཟེར་བའི་དཔེ་འདིར་འཇུག་པ་ཡིན་པས།  ཁྲིམས་ལ་བརྟེན་པ་ཞིག་མ་བྱུང་ན་ནང་འཐབ་ནང་འཁྲུག་ནང་རྐུན་སོགས་གྲ་མ་འགྲིག་གི་རྒྱུར་འགྲོ་བས་ཐོག་མར་རྒྱལ་པོ་དང་དཔོན་པོའི་ལུང་དང་ཡུལ་མི་གཙོ་དཔོན་གྲོ་དཔོན་སོགས་ཀྱི་དམག་དཔོན་མྱོང་བ་ཆེ་ཞིང་ཚན་ཆེ་བ།  རང་འདོད་ཆུང་བ།   སྤྱི་གཙིགས་ཆེ་བ་ཞིག་བསྐོས།  དེས་ཀྱང་དམག་ལས་དཔའ་སྡར་མཛངས་གསུམ་ཚང་བ་ལས་ལ་འཇུག་པ་གཉིས་བསྐོས།  དམག་དཔུང་རྣམས་ལ་གཡས་རུ་གཡོན་རུ་དབུས་རུ་གསུམ་དུ་བྱས།  དེ་ལའང་རུ་དཔོན་རེ་དང་བརྒྱ་དཔོན་བཅུ་དཔོན་བསྐོས།  དཔོན་གྱིས་ལྟོ་གོས་ཀྱིས་བསྐྱངས་པའི་དད་ཞེན་ཆེ་ཞིང་དང་དོད་ལྡན་པའི་དཔའ་བོ་སྐྱེམ་པ་བསྡུས་པའི་སྐྱེམ་འདུས་སྐུ་ལ་བཅར་པའི་གཟིམ་ཆུང་བ།  ཡུལ་དམག་ལྟ་བུ་ཡིན་ན།  དཔའ་ཚན་ཅན་དེ་རྣམས་ལའང་ལྡིང་ལོགས་སུ་བཅོས་ནས།   ལྡིང་དཔོན་མགོ་བཅུན་པ་ལ་མཁས་པ་རེ་བསྐོས་ཏེ་ཐོག་མར་མགོ་མིར་གཏོགས་པ་རྣམས་དམག་དཔོན་གྱིས་བསགས་ནས།   ཕ་རོལ་གྱི་དགྲ་ཆེ་གེ་མོས་རྒྱལ་པོའི་གཡུལ་ཡིན་ན་ཆོས་ཀྱི་རྒྱལ་པོའི་མཚན་དོན་ལ་དགྲས་རྒོལ་ལུགས་འདི་རིང་ན་མངའ་འབངས་མི་བདེ་བས།  བདེ་གཟར་ཞེས་པའི་མིང་དང་མཐུན་པའི་དུས་མི་བདེ་ལུགས།   ཡུལ་དམག་ཡིན་ན་ཡུལ་གྱི་སྤྱི་ཚིས་ལ་གནོད་ཅིང་འཐུས་པ་འདི་དང་འདི་ཞེས་བྱུང་ཟེར་བའི་བདེན་པ་བདར།  ཁེ་ཉེན་ལེགས་པར་བཤད།  དགྲ་ལ་མཚོན་རྩེ།   གཉེན་ལ་སྐྱོར་ཁ་གཅིག་ཟེར་བའི་ལུང་དོན་ལྟར་དགྲ་ལ་ནུས་འདོན་དང་རང་ཕྱོགས་སུ་འོད་འཇགས་དགོས་པ་སོགས་སྤང་བླང་གན་རྒྱར་བཀོད།  དོན་འགག་ཐེར་ལུང་གིས་བསྡམས།  གན་རྒྱའམ་གལ་ཐོའི་དོན་ཉན་སྒྲུབ་བྱེད་པ་ལས་མི་འདའ་བའི་དོན་དུ་འདུན་པ་ལྟར།  ཁ་དཔེར་དཔེ་རྒྱ་ཤོག་དཀར་ཆུང་ལ་དོན་སྣག་ཚའི་རི་མོ།  འགག་ཐེལ་ཙེ་ཁྲ་མོ་ཟེར་བ་ལྟར།   དོན་ཉན་ལོག་སྤང་བླང་གི་དོན་རྩ་བའི་འགག་ལ་སོ་སོས་ནན་ཏན་དགོས་པའི་ཕྱིར་དང་མི་འགྱུར་བའི་ཕྱིར་མིང་བྲིས་རྟགས་བཞག་དེ་དོན་སེམས་ལ་བཟུང་ནས་རང་རང་གི་སྲོག་འཚོ་བའི་རྟ་ཕོ།  མགོ་ཕིབས་ཀྱི་གུར།   སྲོག་ཁེབས་ཀྱི་ཁྲབ།   འཆོར་སྐྱོང་གི་ལུས་ཆས་རྣམས་ལ་ཁྲལ་འཇལ་དུ་མ་སོང་བར་དང་དོད་ཆེ་བར་བྱེད།   ལྟད་སྟོན་གྱི་ཡུལ་མིའི་ཁྲོམ་ཚོགས་སར་འཆོར་སྐྱོང་བྱེད་ཟེར་བ་དང་མི་འདྲརྒྱལ་ཁམས་ཀྱི་མི་ང་ཡིན་བསམ་པ་ཀུན་འདིར་འཚོགས་པ་ཡིན།  རང་ལ་དཔགས་པའི་ཟལ་ཐོན་པར་བྱེད་དགོས་སོ།   །  དམག་འདི་ལ་མེད་དུ་མི་རུང་བའི་མི་བཞི་དགོས་ཏེ།  ན་བ་གསོ་བའི་སྨན་པ།  ལེགས་ཉེས་སྟོན་པའི་མོ་མ།   དགྲ་གྲོགས་བརྩི་བའི་གཡུལ་རྒྱལ།  དགྲ་ལྷ་གསོལ་བའི་ཐུགས་དཀར་དང་བཞིའོ།   །  དང་པོ་གཡུལ་རྒྱལ་གྱིས་གཟའ་སྐར་དང་སྒྲ་གཅན་གྱི་འགྲོས་དང་ཕྱོགས་རྩིས།  གཏོ་བསྒྱུར་གཟའ་གསོལ་ཏེ།   དཔའ་བོ་སྟག་ལྟར་ཆས་པའི་ཁྲིམས་ཀྱི་ཐོག་མ།  དམག་ལས་ཀྱི་སྒར་ཐོ་བརྒྱབ།   དེ་ལས་མ་འགལ་བར་སྒར་ཕབ།  དགྲ་ཕྱོགས་སྒར་སྒོ་དང་མཚོན་རྩེ་གཏད།   རང་ཡུལ་ལ་དཀོན་མཆོག་གི་རྟེན་དང་སྔས་བསྟན།  རྟགས་དུང་རྟགས་རུ་བཏེགས་ནས་ཟུང་སྒྲིག་མ་འཆུག་པར་བྱ། རྟགས་དུང་གསུམ་པ་ལ་དཀྱིལ་སྒར་དུ་དོ་དམ་པ་རྣམས་འཛོམས་ཚར་བ་བྱས་ནས་དམག་ལས་ཀྱི་འདེགས་ཁྲིམས་ཚུགས་མལ་ཤོ་རིམ་བཟན་ལེན་ཤོ་རྒྱག་སོགས་དགྲ་ཆ་གྲོགས་ཆའི་སྒར་སྐད་བསླབ་སྟོན་མཐིལ་ཕྱིན་པ་བྱེད་དགོས།   འགྲིམ་དུས་འདེགས་དུང་གསུམ་གྱི་དང་པོ་ལ་མེ་ཁ་གསོ་བ།  གཉིས་པ་ལ་གུར་བསྡུ་བ།   གསུམ་པ་ལ་གཡས་རུ་ནས་རིམ་བཞིན་གཤེགས་པའི་དགྲ་ཟོན་ལམ་འཕྲང་ལ་དཔགས་པའི་འགྲིམ་ལུགས་ཤོ་རིམ་བྱས་ཏེ།  ཆུང་ཁལ་ཆེ་ཁལ་གྱིས་མི་བརྫི།   ནད་པ་ལ་སྦུད་མི་རྒྱགཀོ་གྲུ་སྲ་བཙན་དུ་འཛིན།   ལམ་ལ་ཆས་པ་བསྒྱུར་བ་རྩད་ཆོད་ན་བརྔན་པ་མི་དགོས།  སྦེད་བློ་ཤུགས་བློ་བྱས་ན་ལྡབ་འཇལ།   གོང་གཏོགས་བྱས་པ་ལ་ངོ་བོ་བརྒྱད་འཇལ།   ཉིན་རྐུན་ལ་སྦྱིན་འཁྲིད་ཚབ་གསུམ་དང་ཆད་པ།  མཚན་རྐུན་ལ་ངོ་སྤྲོད་མ་གཏོག་ཆད་པ་མི་དགོས།  རྐུན་མ་ཟིན་ན་ལག་པ་རྒྱབ་བཀྱིག་ཙམ་མ་གཏོགས་བརྡུངས་བཙོགས་མི་བྱེད།  ཁྲིམས་རར་མི་འཛུད་དེ།   སྒར་མཚན་མོ་གསང་བའི་དགོས་པ་ཡིནདགྲ་དང་ནོར་ནད་བསད་པ།  མདའ་འཁྱམས་རྡོ་འཁྱམས་སོགས་ཀྱིས་བསད་པ་ལ་དགེ་བ།   ནང་འཐབ་མི་དཔུང་དགྲ་སྡེབས་གོ་གྱོན་མཚོན་ཐོགས་ཀྱིས་བསད་པ་ལ་ཆད་པ་ལྡབ་འཕར་དང༌།  སྙིང་གནོན་ལྡབ་འཇལ།   རྨས་འཇལ་ཡང་དེ་འགྲོས་བྱུར་ཆགས་ཐུབ་པ་དཔེ་འདྲ།  ལོང་ཅན་རྭ་ཅན་གྱིས་བསད་པ་རུ་དམར།  ཡུལ་བསྲུང་དང་ལྕོག་བཅོམ་པ།   རང་ཕྱོགས་བཅོམ་པ་སོགས་ལ།  འགོ་མིའི་རྟ་ཁྲབ་དཀྱིལ་སྒར་དུ་བཞེས་པ།   བཤེར་ངོ་ཡོད་ངོ་མ།   ངོ་མེད་སྐྱིན་ཚབ།   སྤྲོད་ལེན་མི་སྣ་ལ་བཅུ་ཁ།  ཇག་པའི་ཁྲབ་ཤུལ་ཟེར་ཁྲབ་གང་ཡོད་ལ་རྒྱུ་ནོར་གྱི་བཅུ་ཟུར་ལེན།  ཐོབ་ཤོར་ཁ་གྲངས་ལ་མ་འཆམས་ན།   མནའ་གཡག་ཏུ་ཁུག་ཅེས་ཤོ་བརྒྱབ་པའི་ཐོབ་པོས་ཁ་གྲང་ལ་སྐྱེལ།   ཤོར་པོས་སྐྱིན་ཚབ་ལ་སྐྱེལ།  དགྲ་གཉེན་ཆ་ཕྱེད་ལ་བགོད་ཁོངས་གང་བྱུང་ཇག་པ་མནའ་སྐྱེལ་དང་སྤྲོད་གསུམ་སྤྲོད་ཟེར།  སེམས་ཅན་ཆེ་ཆུང་ཅི་ཤོར་ཀྱང་ཁ་ཚང་གི་ཆ་གཅིག་དབྱར་གཉིས་ཀྱི་ཆ་གཅིག་་བེ་ལུག་གི་ཆ་གཅིག་སྤྲོད་པ།    དཔེ་གཡང་མོ་རྦབ་ལ་ཤོར་ན་ལྷུ་དྲུག་ལྤགས་ཁུད་མི་ཚང་ཟེར་བ་ཡོང་དམག་རོང་རིགས་ལ་འགྲིམ་ན་ཁྱི་བཀྱེ་རི་དྭགས་པ་ཉིན་གཅིག་ཙམ་གྱི་སྔོན་ལ་བཏང་ནས་ས་འཁྲུ།  རྒན་མི་ཉམས་ཆེ་བས་རྫབ་ལྟོས།   དང་པོ་དགྲ་འཚོལ་དེ་ནས་ཤ་ལྟོས།  རྒྱ་རུ་ཚོམ་སྤྲོད།   གཞོན་པས་དང་པོ་ས་འཁྲུ།   དེ་ནས་ཁྱི་བཀྱེ།   དགྲ་འདུག་ན་ཤ་ཞོག་ལ་ལན་ཐོངས།   ས་འཇམ་ན་ཤ་འཚོལ།   གཞོན་ལས་ཀྱིས་དབུགས་ལོང༌།   རྒྱ་ཁྱི་འཇམ་པ་བཅུ་ལ་གླ་རྩི།   ཁྱི་ལ་མགོ་མཇིང༌།   རྒྱ་ལ་པགས་པ།   ཤ་ལོངས་པ་ལ་ཤ་འགྱེད་དུ་ཆེ་ཐོབ་ཆུང་ཐོབ་ཏུ་བགོ་དགོས།  བྱང་ཐང་ཡངས་པ་དང་དགྲ་ཁ་སོ་ཐུག་པར་རྟ་ཕོ་གཏོང་དགོས་ཏེ།   དེ་ཡང་ས་ངོ་མ་ཕག་གི་རྩིབས་བཅད་དེ།  མཚན་སྔ་རུ་ལ་ལྡན་པ་ཕབ།   ཉིན་ཕྱི་རུ་ལ་ཧོར་བཏེགས་ཀྱིས་ཟེར་མཚན་ལ་ས་ཉན།  ཉིན་ལ་མིག་སྒྲུངས་ཏེ་དགྲའི་འགྲིམ་འགྲུལ་བྱེད་པ་དང༌།  རི་དྭགས་རྒྱུ་ས་ལ་མ་འཁྲུལ་བ་དགོས་ཤིང༌།  དགྲ་འགྲིམས་པའི་རྟ་རྨིག་ཤུལ་ནི།   གཅིག་ཏུ་འཕྱུར་སེ་གནམ་ལ་འཕྱུར་འགྲོ་ཞིང༌།  རི་དྭགས་ཀྱིས་རྒྱུགས་པའི་རྡུལ་ནི་འཐོར་ཞིང་སྐབས་རེ་སྐབས་རེར་སྐྱ་འཕྱུར་འཕྱུར།  ཕར་ཡལ་ཚུར་ཡལ་བྱེད་པར་གཞན་ལས་བྱིངས་བ་ཆུང་བ་ཞིག་ཡོང༌།  དངོས་སུ་མཐོང་བ་ནི་རི་དྭགས་རྐྱང་འགྲིམ་པ་ན་སྐྱ་ལྷེབ་ལྷེབ་པ།  འབྲོང་འགྲིམ་པ་ན་ནག་ཉིལ་ཉིལ་བ་ཡོང༌།   དགྲའི་རྟ་པ་བྱང་རིགས་ཧོར་སོག་ཡིན་ན་ཐུམས་སེ་འགྲིམ་པ་དང༌།  བོད་རྟ་ཡིན་ན་ཤར་སེ་འགྲིམ་པ།  ཁལ་མ་ཡིན་ན་ཉོར་འགྲོས་སུ་ཡོང་བ།   རྐང་དམག་ཡིན་ན་ཆགས་སེ་འགྲིམ་ཡོང་བ་དེ་རྣམས་བརྟགས་ཤིང༌།  དགྲས་བྱ་ལོག་གི་མེ་བརྫུས་དང༌།   ཡང་སྒར་ཕབ་པའི་མེ་ཁ་མ་ནོར་བ་དགོས་ཏེ།   མེ་བརྫུས་མ་ནི་གཞན་ལས་བཀྲག་ཆེ་བ་གཅིག་གཅིག་གཉིས་ནས་འདྲེན་ཐུབ་པ།  ས་ཡུལ་དེ་གཞན་ལས་ཐང་དཀར་ཞིང་སྐྱ་མཚམས་པ་ཞིག་ཡོང༌།   སྒར་མེ་ངོ་བོ་ནི་ས་ཡུལ་གཞན་ལས་བྱིངས་ཆེ་བ།   མེ་རབ་རིབ་མང་བ།   མེ་དམར་ནག་རྩེགས་རྩེགས་ཡོང་བ་ཞིག་འདུག་ན་ཡིན་ཏེ་མ་འཁྲུལ་བར་བརྟག་དགོས་སོ།  །  རུ་འཛིན་གྱི་དར་འཕྱོར།   སོ་པས་སོ་སྒྲིམས་ཤིང༌།   དེ་ནས་དགྲ་དང་གཡུལ་ཐབས་པའི་དུས་སུ་རུ་གསུམ་ལ་ཐུགས་གསུམ་རྔ་བརྡ་གསུམ།  ཐམས་ཅད་དུང་ཆེན་དང་རྐང་གླིང་གནམ་ས་འབིར་བ་ལྟ་བུ།   གཡས་ཀྱི་གདོང་དུ་མེ་མདའ་བ།   གཡོན་གྱི་གདོང་དུ་མདའ་བ།   བར་བར་དུ་མདུང་དང་མདུང་ཐུང་དང་སྟ་གྲི་ཐོགས་པ།   ཞོལ་བཏགས་ལྕགས་སྤྲེལ་ཁྱེར་བ།   དེའི་རྒྱབ་ཏུ་རྟ་རྐང་བསྲེས་པའི་དམག་ཚོགས་བཙན་ཆས་པ་ལྟ་བུ།   དེའི་རྒྱབ་ཏུ་དམག་དཔུང་གི་ཚོགས་བྱ་སྤུ་སྣོལ་དུ་ཡོད་པ།  ཟུར་དམག་གཡས་གཡོན་རྟ་པ་སག་ཐག་པའི་རིགས་རྟ་སྒྲོམས་སུ་སྤུངས་ནས་ཐུམ་ཧྲིལ་སེ་འཕྱོ་བ།  རུ་ཁྱེར་འཁྲིད་བརྡ་རོལ་ལ་བལྟས་ནས་འགྲིམ་ན་ཅབ་སེ་འགྲིམ།  སྡོད་ན་ཐུམས་སེ་སྡོད་པའི་དཔུང་དེས།   བྱང་རྟ་དམག་གི་དགྲ་ལ་སྤུང་བ་དང༌།  ལྷོ་མོན་གྱི་དགྲ་ལ་འགུགས་པ་དང༌།   བོད་རྟ་རྐང་གི་དགྲ་ལ་བསྒྲིགས་ནས།   དམག་དཔོན་གྱི་བྱུས་ཁ་ཏ་ལ་རྣ་བ་གཅིག་ཏུ་གཏད་ནས་ཉན་ཏེ།  དགྲ་ལ་འཁྱུ་བའི་ས་སྐལ་མ་བཞག་ན་གཡག་ཆད་གད་ལ་མཆོང་བ་དང་འདྲ།  རང་ལ་འཁྱུ་བའི་ས་ཆ་མ་བཙལ་ན་གྲོག་པོ་མགོ་སྟུམ་དུ་ཆུག་པ་འདྲ་ཟེར་བ་ཡིན་པས།  འདས་མ་འོངས་ལེགས་པར་རྩིས།   ཐུགས་གསུམ་གྱི་འཕྱར་སྟབས་ལ་བལྟས།   འཛིངས་པས་གཡུལ་ལས་རྣམ་པར་རྒྱལ་ཏེ་དཔའ་བོ་སྟག་གི་མིང་བཟང་པོ་ཐོབ་སྟེ།  དེ་ཉིན་དམག་གིས་གང་སླེབས་ཀྱི་ས་ཆ་ཡུལ་མཁར་རྟ་མིག་ཁྲབ་བཤམ་ཟེར།  དམག་བྱུས་ཀྱི་བསྡུ་སོ་འཇོག་ཁའི་སྐབས་ལ་ཡང་བརྗོད་མེད་དུ་དཔའ་ཚན་ལ་ཆོད་འགྲོ་བ་ཡིན་ནོ།

3.2. གཉིས་པ་སྡར་མ་ཝའི་ཞལ་ལྕེ་ནི།

འདི་ཡང་《གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་》ཞེས་པའི་ནང་དུ་བཀོད་པ་དང་དོན་མི་གཅིག་པས།   མ་དཔེ་ཇི་བཞིན་བཀོད་དོ།   །  སྡར་མ་ཝའི་ཞལ་ལྕེ་ནི།   ཞུམ་པའི་ཐ་སྙད་དུ་བྱས་ཏེ།   དཔའ་བོས་རྫོང་མཐའ་ལ་བསྐོར་ན།  ཁ་འདོན་དང་འབོར་ཉུག་མང་པོ་མི་བྱེད།  གཞི་མཁྲེག་པར་བཟུང༌།   མདའ་རྡོའི་ལག་ཆ་དགོས་མེད་ལ་མི་རྒྱགབཙན་དམིགས་དང་ཆུ་སྤེལ་ལ་གཟབ།   ཕྱི་ནང་འདྲེས་སུ་མི་བྱེད།   ཇོ་མི་བཟང༌།   བར་ཆིངས་ལ་རྒྱག་མི་བསྒུལ།   གཡུལ་དུས་འཕམ་ན་སྐུ་ཆེ་ཆུང་ལ་མ་ལྟོས་པའི་ཁྲབ་རྨོག་དཔའ་བོ་ལ་སྤྲོད།  དེ་བབས་པ་མཐོང་ན་བསད་པའི་དཔེ་མེད།   གལ་སྲིད་བསད་པ་བྱུང་ན་སྡར་མ་མཚོན་འོག་ཏུ་དཔའ་ཟེར་བའི་ཁ་གཤགས་མི་ཐུབ།  དམག་དཔོན་དང་དམག་དཔོན་ཐུག་ནས་སྡར་མས་སྲོག་བབ་བཏང་ན་ལག་པ་དར་མདུད་ཀྱིས་བཀྱིགས།   རྟ་རང་རྟ་ལ་བསྐྱོན་ནས་རང་ཡུལ་གཉན་མི་གཉན་ལ་དཔགས་པའི་སྟོང་གོས་གཡོགས་ཏེ་ཚུར་མ་དོར་བར་འཁྲིད།  ཕལ་པ་དྲན་སྤྲ་ལག་ཅན་ལ་ལག་པ་རྒྱབ་ཏུ་བཀྱིགས།   སྐྲ་སྙིལ་དོར་འཇོལ་བྱས་ལ་འཁྲིད་པ་དང་མགོ་མི་ཡིན་ན་རྟ་ངན་ལ་སྒ་ཆག་མཇུག་ཕབ་དྲེས་ཡོབ་དྲེས་མཐུར་བྱས་ཏེ་འཁྲིད་པའི་སྲོལ་འདུགརྫོང་མཁར་ནས་ཕབ་ན་དམའ་འབེབས་ལ་གོང་དང་འདྲ་ཞིང༌།  ལབ་ཁོག་ནས་ཕབ་ན།   དམག་དཔོན་དམག་ཆས་ལ་བབ་རྟེན་རྒྱུ་ནོར་སྟེར་དགོས་ཤིང་བབ་གཏད་ནས་ཁ་ངན་ཚིག་ངན་མི་གཏོང༌།   གདན་བཟོས་བདག་རྐྱེན་སྔ་བབས་ལས་ལོད་པ་མི་བྱེད།  སྐུ་ཆེ་བ་ཡིན་ཡང་འདི་སྐབས་ཆིབས་བསུ་ཆིབས་སྐྱེལ་མི་དགོས།   ལབ་རིགས་ཀྱི་བུ་གཏེ་ལ་ཆས་ཟུར་གསོས་ལྷ་མགུ་མི་མགུ་གཏོང༌།  འགྲོ་རྫོངས་བཟང་བཙོན་ཡིན་ཡང་ལབ་གདན་ལ་འཁྱོལ་ནས་གཏོང་བ་ལ་བཙོན་རྫོངས་དྲག་ཞན་ལ་དཔགས་པ་སྟེར།  ཕྱིན་ཆད་ཀྱི་སྡོམ་ལ་ཀོ་དམར་མདུང་ཚོམས་ཁྲག་གཞོང་སོགས་སུ་རྩི་ཁ་དམ་པར་ལེན།  མི་རབས་མ་སོང་གི་བར་འཕམ་སློག་བློ་ངན་གྲོས་ངན་མི་བྱེད་པའོ།

3.3. གསུམ་པ་རྒྱལ་པོ་མེ་ལོང་གདོང་གི་ཞལ་ལྕེའམ་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ་ནི།

རྒྱལ་པོའི་ལུང་གིས་སྣེ་མོར་བསྐོས་པ་རྣམས་ཀྱིས་རང་འདོད་ཁོ་ནའི་སྐྱོན་སྤངས་གཞུང་དོན་གཙོ་བོར་བྱས་ཏེ།  སྡེ་སྲིད་ཀྱི་སྐུ་རིམ་དང་ཆོས་རྒྱལ་གྱི་རྣམ་ཐར་གྱི་འཕྲིན་ལས་བསྒྲུབ་པ་ལ་དམིགས་པའི་སངས་རྒྱས་ཀྱི་བསྟན་པའི་ཞབས་ཏོག་གཙོ་བོར་བྱས།  ཆོས་ཕྱོགས་ཀྱི་ཞྭ་རིགས་དང་གྲུབ་མཐའ་མི་བསྒྱུརདུས་ཆེན་གྱི་ཟླ་བ་ལྔ་ལ་རི་རྒྱ་ཀླུང་རྒྱ་བསྡོམས་པ།  གཉེར་ཚང་ལ་དཀར་སྡོར་བྱེད་པ།   སྐུ་གསུང་ཐུགས་ཀྱི་རྟེན་གཞི་གསོ།  ལམ་འཕྲང་འཆོས་པ།   སོག་ཟློག་ལ་དམིགས་པའི་སྤྲེ་ཟླ་བའི་ཚེས་བཅུ་ལ་ཡུལ་ཚན་སོ་སོར་སྐྲ་ཐོགས་གསོལ་འདེབས་བྱེད་བཅུག་པགཉེར་ཚང་དུ་ཚེས་བཅུ་ཆག་མེད་འཇུག་པ།  འཕྲལ་ཆས་ཀྱི་གཉེར་འོག་ལ་ཐེལ་གཏོང་མ་གཏོགས་རྫོང་དཔོན་གྱིས་གཏན་ཚིགས་མི་སྟེར།  ཏཱའི་སི་ཏུའི་བཀའ་ཆེམས་ལས།   རྫོང་དཔོན་གྱི་ཞིབ་ཆེན་ནས་མི་ཟ།   སྒེར་གྱི་བུན་ཆག་འབྲེལ་གཞུང་ཁུངས་སུ་ཡོད་པ་རྣམས་ལ་སྒེར་གྱི་ཟ་འདེད་གཏོང་མ་འཇུགསྡེ་གཟར་ཡུལ་འཁྱོམས་ཀྱིས་རེ་གཉིས་འཐོར་སྐྱོན་དུ་འགྲོ་རིགས་མ་གཏོགས་ཤེ་བམ་མི་སྟེར།   བུན་རྙིང་ལོ་སྐོར་དུ་ལོན་པ་ལ་དངོས་གཅིག་བེད་གཅིག་འགྲིག་ན་དེ་ལྷག་ལ་སྤྲོད་ཤེས་ལེན་ཤེས་གཅོད་རྒྱ་བྱེད་པ་མ་གཏོགས་རྩིས་གྲུབ་བྱེད་མི་འཇུགཆ་ཞབས་དང་ལྷོ་ཟན་བར་ཁ་ལྟས་ཁྱབ་པའི་ཧོར་འདྲ་མི་སྡེའི་ཁྱད་པར་ཧང་ཟོམ་དུ་མ་སོང་བར་བྱེད་ཅིང༌།  ཁྲིམས་ཀྱི་སར་བློ་སོར་བཞག་ཕྱོགས་ཆ་ཉེ་རིང་མེད་པས་བདེན་རྫུན་ཤན་ཕྱེད་པའི་ཁྲིམས་འགལ་ལ་སྙིང་སྟོབས་ཀྱིས་བརྡར་འདེད།  ཁྲིམས་མཐུན་བྱམས་བརྩེ་སྐྱོང་བ།   ཕྱི་ནང་གི་སར་ཁ་མཆུ་སྦྱོར་བ་དང་འཚོལ་བ་མི་བྱ།   ཁྲིམས་སར་ཞུ་འབོད་བྱུང་བ་རྣམས་ལ་ལེ་བར་མི་འཇོག་པར་སྦྱངས་བཤད་ཕན་ཚུན་བློ་ཁ་རྫོགས་ཐབས་བྱེད་པ་མ་གཏོགས་དབང་ལྟག་ཁུར་མི་བྱེད།  རང་ཁྲིམས་སར་བསྡད་རིང་རང་གི་ཉེ་བ་དང་དགྲ་ཕྱོགས་ལ་འདིའི་སྐབས་ཉེ་འགྱངས་མི་བྱེད།  མདོར་ན་མི་ཤེས་གོང་ཕུད་ཀྱི་ཕྱོགས་སུ་མ་ལྷུང་བ་དང་དཔོན་ཁུངས་ཀྱི་བྱ་བ་ཆེ་ཆུང་གང་ལའང་འཇིག་རྟེན་དུ་གྲགས་པའི་ཐོག་ནས་མིག་ལྟོས་ཡར་ལྟོས་བྱས་པའི་ལ་ཡོགས་མི་འགོ་བ་ཞིག་བྱེད་དགོས་པ་ཡིན་ནོ།

3.4. བཞི་པ་ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ་ནི།

དང་པོར་སྨོས་པའི་སྤང་བླང་དང་ལྡན་པའི་ཐོག་མར་མི་དོད་སྙོམས་ངོས་བཤེར་བ་དང༌།  དོད་མི་སྙོམས་ན་གདོང་བཤེར་མི་བྱེད་པར་བསྐོར་སྦྱངས་གཏོང་བ་སོགས་བློ་ཁ་རྫོགས་ཐབས་སུ་འགྲོ་བ་སྤྱིར་གྱིས་ཀྱང་བྱེད་དགོས་ཤིང་ལྷག་པར་སྐྱིད་ཤོད་ཁུལ་འདི་ལ་ཁྲིམས་འཆོར་བའི་ཁྱིམ་མཚེས་སོགས་རང་རང་དོན་གྱི་འཁོན་བཟུང་ནས་ཁྲིམས་སར་ཉེ་བརྒྱུད་རིང་བརྒྱུད་ཀྱི་ཆད་པ་ཆད་ལེན་ཞུ་རེས་བྱེད་པ་ཞིག་གིས་རང་སྡུག་རང་མྱོང་མྱོང་བ་གཅིག་འདུག་ནའང༌།  ད་ནས་བཟུང་ཆད་པ་ཞུ་མི་རྣམས་ལ་སྔ་འགྲོས་ཐལ་ཆ་མི་བྱེད།  བཤེར་འབོད་བདེན་རྫུན་བརྟགས་པའི་ཆད་པ་ཐོབ་ངེས་ན་དེ་ཐོག་ཏུ་གཏོང་བ་གཞིར་བཅས་ཤིང་གཡོ་ཞུས་ཡིན་ན་ཞུ་མཁན་གྱི་ཐོག་ཏུ་ཆད་པ་དེ་ཁ་སློགཡང་ཧམ་རེས་བྱུང་ན་ཆད་པ་སྦུས་སུ་བཞག་པའི་འཁྲུ་དག་གི་ཡོ་གལ་བྱེད།  གཉིས་ཀས་དག་པ་མ་འཁོལ་ན་ཆད་པ་རེའི་ཕྱེད་ཁྱེར་ནག་ཆེ་ཆུང་ལ་དཔགས་པའི་འགེལ།   ཁ་མཆུ་ཁྲིམས་སར་ཐལ་བའི་སླར་ནང་བསྡུམས་བྱེད་ན་ཉེས་པའི་ཁྲིམས་འདེགས་ཀྱི་ཕྱེད་དང་ཞུ་འགེགས་འོས་འགབ་ཁྲིམས་སར་ཕུལ་ནས་ཟློས་པ་ནང་འཇགས་སུ་བསྡུམས་འཇུག་གོ།

3.5. ལྔ་པ་བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ་ནི།

ཁྲིམས་འགལ་གྱི་རིགས་ལ་ཐོག་མར་བཟུང་བཀྱིགས་བབ་ཐོག་ཏུ་འདུག་ཅིང༌།  དམིགས་བསལ་ཕོ་བྲང་འོག་ཏུ་གྲི་འདོན་རྒྱ་འདྲེ་བྱས་པར་བཟུང་བཀྱིགས།  ལྟོགས་ཧྲལ་རྐུན་མ་བྱས་པར་བཟུང་བཀྱིགས།  མགོ་མི་རང་ཤེད་བྱས་པར་བཟུང་བཀྱིགས།  བློ་ངན་གྲོས་མཚང་འབྲུ་བ་ལ་བཟུང་བཀྱིགས།   མི་མཉམ་པའི་ཁ་ངན་སློག་པར་བཟུང་བཀྱིགས།  ཉེས་པ་ཆེ་བ་ལ་སྡིག་བཀྱིགས་དམ་ཕྲུག་གིས་མནན་ནས་ཨན་གཏད་ལྕི་ས་སྤྲོད།  དེ་ནས་ཁྲག་སྦྱོར་ཐོབ་པ་རྣམས་ལ་ཁྲིམས་ཡིག་བསྒྲགས་ནས་རྔམས་ཟིལ་ཆེ་བའི་མི་ཁྲིམས་གཅོད།   དེ་ཁར་དཔགས་པ་ལ་དྲག་ཞན་གྱི་སྲོག་རིན་བཞེས་པ།  སྐུ་ངོར་གཏོང་བ་ཆས་གོད་གཅོད་པ་སོགས་ཇི་ལྟར་སྐབས་དང་མཚུངས་པར་བྱེད་དོ།

3.6. དྲུག་པ་ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ་ནི།

མཚམས་མེད་ལྔའི་ལས་བྱས་པ་དང༌།    བླ་མ་དགེ་འདུན།    རྒྱལ་པོའི་ཕྱག་རྫས་ལ་འབགས་པ།   དཔོན་ཁུངས་སུ་ཞབས་འདྲེན་ཚབས་ཆེན་ཞུས་པ།    དུག་སྦྱོར་གཏོང་བྱས་པ།   འཕུང་གཡོ་འཕྲུལ།   སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་མི་བསད་རྟ་ཁྱེར་བྱས་པ།    དུས་བདེ་ས་འཇམ་གྱི་ཁྲིམས་ཞོད་འཇགས་སྐབས་ཨར་ཇག་བརྡུང་འཇོམས་གོ་གྱོན་མཚོན་ཐོགས་གྲ་སྒྲིགའབངས་ཀྱི་གྱེན་ལོགམདོར་ན་མིག་ལྟོས་ལ་གནོད་པའི་ཁྲིམས་འགལ་གྱི་བྱ་བ་བྱས་པར་ལུས་སྟེང་མིག་འདོན།    སྒྱིད་འབྲེགལྕེ་གཅོད།   ལག་འབྲེགགཡང་བསྐྱུར།    དམར་གསོད་སོགས་བྱེད་པར་དཔགས་པའི་ལུས་སྟེང་འགེལ་ལུགས་ཕྱིས་འདོམས་ཆེ་བ་ཞིག་དགོས་པ་ཡིན།    མི་མཉམ་པས་ལས་སློག་པ་ལ་གཏེ་པོ་ཆུ་ལ་བསྐྱུར་པའོ།

3.7. བདུན་པ་དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ་ནི།

ལུས་སྟེང་དུ་རྩད་གཅོད་མིན་པའི་ཁྲིམས་དང་འགལ་བ་རྣམས་ལ་ཕྱིས་འདོམས་སེམས་ཀྱི་དྲན་འཛིན་གཏོང་དགོས་ཏེ།  ཉེས་ཆད་ཅེས་ཆད་པ་མིང་དུ་བཏགས་པའི་ཁྲིམས་སར་བསྒྲུབ་དགོས་པ་འདི་ལ།  སྤྱིར་གྱི་ནི་དེ་ལ་དཔགས་པའི་ཉེས་བྱས་ཆེ་ཆུང་གི་གསེར་སིལ་མ་སྲང་གྲངས་སུ་བྱེད་པ་དང༌།  སྨར་གསེར་ཕྱེད་མའི་སྲང་གྲངས་སུ་བྱེད་པ་དང༌།   སྨར་ཞོའི་གྲངས་སུ་བྱེད་པ་སོགས་འདུག་པར།  ཉེས་བྱས་ཆེ་བའི་མི་དཔུང་གྲགས་སྡེབས་ཀྱིས་མི་བསད་པ་དང༌།  འཁོན་འཛིན་གཏེས་ལེན་གྱིས་ཇག་རྒྱབ་པ།    ངན་པ་གྲ་སྒྲིག་སོགས་ཁྲིམས་སར་དགོངས་འཕོག་ཆེ་བ་རྣམས་ལ་གསེར་སིལ་མ་སྲང་བརྒྱད་ཅུ་ནས་བཅོ་ལྔའི་བར་ཉེས་པ་ཆེ་ཆུང་དང་བསྟུན་ནས་གཏོང་བ་དང༌།  དེ་བས་ཅུང་ཉེས་པ་ཆུང་བ་བྱུར་ཆགས་ཐུག་པའི་མི་བསད།    ལྟོགས་ཧྲལ་གྱིས་རྐུན་ཇག་སོགས་རིགས་དེས་མཚུངས་པ་རྣམས་ལ།    སྨར་གསེར་ཕྱེད་མའི་སྲང་གསུམ་ཇི་ལྟར་སྐབས་དང་མཚུངས་པ་བྱེད།    ཡང་ཕྲན་བུའི་སྤང་བླང་འཛོལ་བའི་དྲན་འཛིན་མར་ཞོ་དོ་གསུམ་རྣམས་ཇི་ལྟར་འོས་པ་གཏོང་དགོས་ཤིང༌།    དེ་ལ་གསེར་སིལ་མའི་ལྕི་བ་རྣམས་ལ་གསེར་རྐྱང་དུ་མ་གཏོགས་སྤུས་ཆ་མི་འབུལ།    གསེར་རྐྱང་སྲང་གང་ལ་མགོར་ཞོ་སེ་བ་ཉི་ཤུ་རྩ་བཞི་མའི་ཞོ་བརྒྱད་ལ་སྲང་གང༌།   མཛོ་གཡག་སོགས་སྤུས་གང་གཙང་ལ་རིན་གྱིས་ཁུངས་གཅོད་པ་གནང་ཞིང༌།   དེ་ལ་སྨར་གྱི་རིན་རྒྱབ་ཀྱི་ཟི་ཁུངས་ནས་སུ་འབེབས་པ་དང༌།   མགུར་ཞོ་རེ་ལ་སེ་བ་ཉི་ཤུ་རྩ་བཞི་མའི་དབང་དུ་བྱས་ནས་སེ་བ་རེར་གཙང་བྲེ་ཚད་ཀྱི་ནས་ཁལ་རེ་རྩིས་པའི་ཞོ་གང་ལ་ནས་ཁལ་ཉི་ཤུ་རྩ་བཞི་ཐོབ་པ་རིན་རྒྱབ་ཏུ་འབེབས་པ་དང༌།  མཁར་རུའི་སེ་ཁལ་མཛད་པ་དང༌།   ཚོང་འདུས་ཀྱི་གསེར་རིན་ལག་ཡོད་གང་འདུག་ལ་ཆ་འཇོག་པ་སོགས་གནང་སྲོལ་འདུག་ཅིང་སྨར་གསེར་ཕྱེད་མ་སྤུས་གཙང་བ་ཞེས་པ་དང༌། སྲེལ་ཉན་བཀོལ་ཉན་གྱི་དངོས་པོ་ལ་རིན་རྒྱག་གསུམ་ཚད་འབྲིང་དུ་ཞབས་པ་མཛད་སྲོལ་ཡོད་ཅིང༌།  སྨར་གསེར་ཕྱེད་མའི་སྲང་གང་ལ་གསེར་ཞོ་བཞི།    སྨར་ཞོ་བཞི།    སྨར་ཞོ་ལ་གཙང་བྲེ་ཚད་ཀྱི་ཁལ་བརྒྱད།   གསེར་ཞོ་དེ་ལྡབ་འཕར་པའི་ཁལ་བཅུ་དྲུག  རྩེ་བྲེ་ཚད་ཀྱིས་བྱེད་པའི་སྲོལ་དང༌།   ཡང་མཁར་རུའི་ཁལ་དྲུག་ལ་སྨར་ཞོ།   བཅུ་གཉིས་ལ་གསེར་ཞུ།  དབུས་ལ་གསེར་བྲེའི་བཞི་ཞོ་དང་གསུམ་ཞོ་སོགས་རྣམ་གྲངས་ཤིན་ཏུ་མང་བ་འདུག་པ་ཞོའི་ཚད་ནི།  ཚལ་པའི་ཁྲིམས་ཡིག་རྣམས་སུ་ཞོ་བཟང་ངན་འབྲིང་གསུམ་དུ་བྱས་པའི་མཛོ་རྟ་དྲེལ་རྒྱབ་ལོངས་པ་བཟང་ཞོ་དང༌།    བོང་བུའི་ཕོ་རྒྱགས་ཚད་ཀྱི་རྒྱབ་ལོངས་པ་འབྲིང་ཞོ།  བོང་མོ་གླང་ཆུང་གི་རྒྱབ་ལ་ངན་ཞོ་བྱེད་པ་སོགས་འདུག་པ་ཐམས་ཅད་དུ་མཁར་རུའི་དྲུག་ཞོ་ནི་ཚད་པ་ཤེས་བཞིན།    ནས་སུ་ཕབ་ན་བརྒྱད་ཞོའི་སྨར་གསེར་གྱི་སྲང་གང་ལ་ནས་ཁལ་དགུ་བཅུ་གོ་དྲུགམཁར་རུའི་དྲུག་ཞོ་ལ་བདུན་ཅུ་དོན་གཉིས་ཐོབ་པར་སྤོས་ཆའི་ཐོག་ཏུ་འཆར་ཆེན་ཕབ་ན།  སྔོན་གྱི་ཆོས་རྒྱལ་རྣམས་དང༌།   ཚལ་པའི་དུས་ཀྱི་སྐབས་སྨར་གསེར་ཕྱེད་མའི་སྲང་གང་གི་ཆད་འགྲོས་ལབརྒྱད་སྟོང་སྐྱ་པོད་དམ།   གསེར་ཆོས་རྡོར་གཅོད་བཞེང་དུ་འཇུག་པ་སོགས་ཀྱི་རྒྱུན་བཟང་པོ་ཡོད་འདུག་ཅིང༌།  ཕྱིས་ཇ་རྔ་ཧང་སྦབ་རྩེ་རེ་ལ་སྨར་གསེར་གྱི་སྲང་གང་རྩི་བ་དང༌།    གཡག་གྲུས་ཕོ་རེར་གསེར་ཞོ་རེ།     སྨན་རྩེ་ཁ་དོ་ལ་སྨར་ཞོ་རེ།   མདོ་དར་ཁ་བཞི་ལ་སྨར་ཞོ་རེ་དང༌།    ཡུལ་གྱི་ཆུ་བགོ་འགྲེམས་སོགས་འགལ་ཆ་ལ།   གཉེར་ཚང་གི་ཆད་འགྲོས་ཐང་ཐུང་རྣམས་ལ།    མར་ཆད་ཀྱི་མར་ཞོ་རེ་ལ་དོ་སྐོར་གྱི་དབང་དུ་བྱས་པའི་སྨར་དུ་ལེན་ན་ཁལ་དྲུག མར་རྐྱང་དུ་ལེན་ན་མར་ཁལ་གསུམ་རྣམས་ཡིན་ཅིང༌།   དེང་སང་ཁ་གཏམ་ལ་མར་གསེར་གྱི་སྲང་ཟེར་བ་འདུག་ཀྱང་ཚལ་པའི་ཁྲིམས་ཡིག་ཏུ་སྨར་གསེར་གྱི་སྲང་ཞེས་སྣང་བས་གསེར་ཤིན་ཏུ་སྨར་བ་ལ་ཆ་བཞགདེའི་འོག་སྨར་ཞོ་ཟོང་ཞོ་ཟེར་བའི་སྨར་ཞོ་དེ་ལ་ཆ་བཞག་པ་ཡིན་འདུག་པས་དག་ཁུངས་སུ་ངེས་སོ།

3.8. བརྒྱད་པ་ཧོར་འདྲ་ཟ་རྐང་གི་ཞལ་ལྕེ་ནི།

ཧོར་འདྲ་ཞེས་པ་རྒྱ་ནག་ཧོར་དུས་སུ་བོད་ལ་ལུང་རྒྱུགས་པའི་དུས་རྒྱ་ནག་གི་མི་ལ་བརྩི་འཇོག་ཤིན་ཏུ་ཆེ་བ་བྱེད་དགོས་ཀྱིན་འདུག་པ་དེ་དང་འདྲ་བའི་ཐ་སྙད་དུ་བྱས།  དཔོན་ཁུངས་ཀྱི་མི་སྣ་ལ་བརྩི་འཇོག་ཆེ་བ་དགོས་པ་དང༌།    མི་སྣས་ཀྱང་བབ་འབྲེལ་དང་མཐུན་པ་ཞིག་དགོས་ཤིང༌།   ལྷག་པར་སྐྱིད་ཤོད་འདིར་ཕྱིས་ཁྲིམས་འཆོལ་བའི་འདེད་ཀྱང་སྒེར་གཞུང་གི་དོན་ལ་དབྱེ་བ་མེད་པར་ཁས་སུ་བཙན་གྱིས་རྩེ་ནས་ཐེལ་ཙེ་བླངས་པའི་ཞོལ་སོགས་ནས་འཁྱམ་པོ་གང་རིགས་རེ་འཁྲིད་ནས་ཟ་འདེད་གཏོང་ཞིང༌།    ཟ་འདེད་ལའང་འདི་ཕན་འདི་ཚུན་གྱི་མཚམས་ཚིགས་མེད་པ་ཟ་མ་འཕྲལ་ཆས་ལ།  ཆས་ཁའི་ཁོངས་རྩིས་ལ་བྲེ་དོ།    ཆང་རིན་ལ་བྲེ་རེ་བྱས་པའི་བྲེ་གསུམ་མ།   ཉི་མ་རེ་ལ་མི་སྣའི་རྐང་པས་གང་འཁོར་ཕྱིན་པའི་ལོན་རྩི་བ་ཞིག་འདུག་ཅིང༌།    གཙང་ལུགས་རང་གི་ཁ་གཙང་བ་ཞིག་བྱས་ཀྱང་སྔ་སོར་ཟ་འདེད་མང་བའི་ཁྲལ་ཆེས་དོན་ནས་འབྲས་ཆེ་ཆུང་གང་ལ་ཡང་འཁུལ་བ་ཞིག་ཡོང་གི་མི་འདུགད་ལྟའི་འདི་ཁ་བྱས་ན་ཆ་ཞབས་ལ་ཡང་བརྡབ་གསིག་ཆེ་བ་འདུག་པས།  འོས་བབ་ཀྱི་བཅད་མཚམས་བསྒྲིགས་པར་སྒེར་གྱི་དོན་ལ་བབ་འབྲེལ་མེད་པར་ཟ་འདེད་གཏོང་ལ་མེད་ཅིང་མི་སྣ་ཡང་རྩེ་ནས་དམིགས་བསལ་བྱུང་ན་མ་གཏོགས་སུས་ཁྲིད་ལ་མི་འགྲོ།    གཞུང་གི་འདེད་སྦྱངས་ལ་བཏང་བ་རྣམས་ཀྱིས།    སྔོན་གྱི་ཁྲིམས་ཡིག་རྙིང་པ་རྣམས་ལ་ཆད་པ་སྲང་དུ་མ་ལོངས་ན་གདན་སྟོན་གྱི་ཐ་སྙད་མི་བྱེད།     སྲང་དུ་ལོངས་ན་གདན་སྟོན་ཆས་ཟ་རྒྱབ་རྐང་གླ་སོགས་ཆད་པའི་བཞི་ཟུར་རིམ་འགྲོས་སུ་བྱས་པ་ཞིག་འདུག་ཀྱང་ད་སྒོས་གསེར་སིལ་མའི་ཆད་པ་ཆེ་བ་རྣམས་ལ།  མི་སྣ་དཔོན་གཡོག་ཁྱི་རྟ་དྲེལ་སོགས་ལྕི་ནོན་བཏང་ནས།    ཟ་མ་གཟུག་འབྲེལ།   རྒྱབ་ཆས་སྤྲོད་གསུངས།  བཀའ་ཤོག་ཏུ་གནང་བ་ལྟ་བུ་ལ།   ཆད་པ་མ་འཕྲོད་བར་གྱི་མི་སྣའི་ཟ་མ་ལ།  མི་ངོ་མ་དུས་གཉིས་ལ་ཆུང་གཟུག་རེ་དང་ཆེ་གཟུག་རེ།     གཡོག་དུ་ཡོད་ལ་དུས་གསུམ་རེ་ལ་ཆུང་གཟུག་རེ།   ཇ་སྦྱོར་ལྔ།  ཆང༌།   རྟ་དྲེལ་རྣམས་ལ་ཆག་བྲེ་དོ་མ།   ངོ་མའི་ཟ་མའི་རྒྱབ་ཞོ་རེ་ལེན་ཅིང༌།  བུ་ཚ་ལ་རྒྱབ་མི་ཐོབ།   ཟ་རྒྱབ་ཆད་འདེད་སླེབས་པ་ནས་བཟུང་བསྡུས་ཤོག་ནམ་བྱུང་གི་བར་རྩི་བ་དང༌།   དེ་སྔའི་བསྡུས་ཤོག་གི་ཚིགས་རིགས་སུ་གདན་སྟོན་ཆས་རྐང་གླ་ཆད་ཤུལ་བཞི་ཟུར་རིམ་འགྲོས་ལོང་ལས་ཕྱིར་བསྡུས་ཕེབས་པ་འདི་ལ།    དེ་སྔ་གོ་བ་ཟུར་པ་བརྒྱབ་ནས་གདན་ཞེས་པ་མི་སྣ་རང་ལ་དཔོན་གྱི་བཞུགས་གདན་དང་མཉམ་པ་དགོས་ཟེར་བ་དང༌།    སྟོན་ཆས་ཞེས་པ་སྟོན་མོའི་རྣམ་གྲངས་དང༌།   ཞལ་འགྱེད་ལ་བརྒྱ་གླང་ཞེས་ཁལ་བརྒྱ་རེ་དང༌།   བཤས་གླང་རེ་ལེན་པ་སོགས་མཚམས་ཚིགས་མེད་པའི་འཕྲོག་གང་ཐུབ་བྱེད་པ་འདུག་ཀྱང༌།  སྡེ་སྲིད་ཀྱི་བཀའ་ཁྲིམས་ལས།    གདན་ཟེར་བ་བཀའ་ཤོག་ཐང་དུ་མ་ལྷུང་བའི་གོ་དོན་གྱིས།   བཀའ་ཤོག་གི་གདན་ལ་ཆད་པའི་བཞི་ཟུར།    སྟོན་ཆས་ཟེར་བ་བཀའ་ཤོག་ཞལ་འགྱེད་སའི་སྟོན་མོ་ལ་བཞི་ཟུར།    རྐང་གླ་ལ་བཞི་ཟུར།   ཆད་ཤུལ་ལ་བཞི་ཟུར་རེ་རྣམས་མིང་སོ་སོར་བྱེད་པའི་ཁྲིམས་པའི་ཆེ་བ་ཡིན་ཞིང༌།    ལག་ཡོད་དེ་རྣམས་དྲིལ་བས་གཞུང་དུ་ཆད་པ་གང་དུ་ཕུལ་བའི་ཤུལ་ལས་སྤྲོས་པ་མི་ལེན།   ཟ་རྒྱབ་ཆད་པའི་རྟིང་བསྐུལ་ཡིན་པས་ཞག་ཏུ་སོང་གི་རྩིས་རྒྱག  སྨར་གསེར་གྱི་སྲང་གྲངས་ལ་མི་སྣ་གཉིས་སྦྲེལ་ཙམ་ལ།   ཟ་མ་གཟུག་སྤྲོད་གསུངས་པ་ལ།    དུས་གསུམ་དུ་ཆུང་གཟུག་ཇ་ཆང༌།    རྟ་ཡོད་ན་གཟན་ཆག་འོས་འགབ་རེ་ལ་ཟ་མ་གཟུག་ཕྱེད་སྤྲོད་ཕེབས་པར་ཆུང་གཟུག་གི་ཕྱེད་དང༌།  རྐང་གླ་བྲེ་ལྔ།   སྲང་དུ་མ་ལོངས་པས་གདན་སྟོན་ཆས་སོགས་སྙད་མེད་པར་བྱེད།    བོགས་ཡོང་བཞེས་སོགས་ཁྲལ་བསྐུལ་གྱི་འདེད་ལ་མི་ཉིས་སྤྲེལ་རེ་གནང་བའི་ཟ་མ་འཕྲལ་ཆས་སྒྲུབ་ཕེབས་པ་ལ།   རྒན་པོ་རྒན་ཆགས་ཡོད་པ་རྣམས་ཀྱིས་རྒན་པོ་མང་གི་ཟ་མ་དུས་གསུམ་ལ་ཁ་ངོམ་གྲོད་འགྲང་རྒྱ་རི་གཟན་ཕོགས།   ཁྲལ་ཡོང་དུས་ཐོག་ལ་འགྲིལ་ན་རྐང་གླའི་སྙད་མི་བྱེད།    དེ་ལས་འགྱངས་ན་ཉིན་རེ་རྐང་གླ་བྲེ་ལྔ་རེ་བྱིངས་སུ་བསྡུས་ནས་ཉི་མའི་ཁ་གྲངས་སྒྲིག་དགོས་པ་མ་གཏོགས།   འདེད་ཡུལ་གྱི་ཐེམ་སུ་ཡོད་རྐང་པ་གང་འཁོར་གྱི་འདེད་པ་མི་བྱེད།  རེ་གཉིས་ངན་ཁྲེབ་ཀྱི་རྒན་པོས་མ་འཁུལ་ན་མི་སྣ་ཁ་གཏད་བྱས་པའི་ཁོ་རང་གི་ཞག་གང་ཐོགས་ཀྱི་ཟ་རྐང་ལེན་དགོས་པ་དང༌།    ཟློས་པ་ཆེ་བའི་བཤེར་འབོད་ལ་ཞོ་རེ།   སྡེ་སྲིད་གཞུང་དོན་གྱི་མནའ་ལ་མནའ་གོས་མི་ཡོང་ཞིང་རང་རང་ཟློས་པའི་མི་དྲག་པའི་མནའ་རྒྱབ་ལ་སྲང་གང་དོ་སོགས་སྐབས་དང་བསྟུན་ཞིང༌།    འབྲིང་སྨད་ཀྱི་ལག་འཇུ་ཅན་ལ་གསེར་ཞོ་དོ་རེ།   རང་མནའ་ལ་གསེར་ཞོ་རེ།   རྡོ་ལ་ལྷ་ཡོལ་ལྷ་སྟེན་བཀྲབ་སླང་བཀྲབ་སྡེར།   མེ་ཁྱེམ་ལྕགས་སྐམ་ཟེར་བ་མི་སྣའི་ཟ་སྒོ་དང་རྡོ་ཁུངས་སྒེར་གཞུང་གང་གི་ཁོངས་ལ་ཡོད་ཀྱང་དཔོན་ཁུངས་དེ་ལ་དགུ་ཚན་བདུན་ཚན་གང་འོས།  མི་སྣ་ལ་རྡོ་རྒྱབ་གོམ་པ་རེའི་སར་ཐུན་གསུམ་གྱི་སྲང་རེ།  སྣུམ་ལ་ཡང་ལྷ་ཡོལ་ལྷ་གདན་སྣུམ་སྣོད་ཀྱི་སླང་ང་ཟངས་གང་རུང་སྣུམ་རྒྱབ་སྲང་རེ་རྣམས་འོས་བབ་སྐབས་དང་བསྟུན་པའི་ལེན་ལུགས།    དཀྱུས་མའི་འཇུ་ཅན་གྱི་མནའ་ལ་སྨར་ཞོ་དོ།    རང་མནའ་ལ་སྨར་ཞོ་གང༌།  ནང་ཚང་འབྲལ་བསྡུམས་ཟོག་ཐུལ་མ་འཆམས་པའི་བགོ་བཤའ་སོགས་ཕན་ཚུན་བདེན་པ་མེད་པའི་རང་ཤེད་ཅན་ལ་དབུས་ལུགས་ཀྱི་བགོས་ཕུད་ཀྱི་སུམ་ཟུར།  དཀྱུས་མ་འདྲ་བབ་ལ་ཕན་ཚུན་སྤྱི་ཐོག་ནས་བཅུ་ཁ་ལེན་པ་ཇི་ལྟར་འོས་པ་རང་ཤེད་ཆེ་ཆུང་གི་བབས་འབྲེལ་དང་མཚུངས་པ་བྱེད།   ནག་ཅན་བཟུང་བཀྱིགས་བྱས་པ་ལ་ཁོ་རའི་ལུས་འབྱར་གང་ཡོད་མི་སྣས་ལེན།   དགེ་སྟོང་གི་སྤྲོད་འཇལ་ལ་ཚོགས་ཆས་སོགས་ཐོབ་ཐང་འཆར་ཅན་ཕྲ་མ་ལྟར་ལེན་ཅིང་གཞན་མ་དབུས་ལུགས་ལ་བཅུ་ཁ་ལེན་པ་ལྟར་འདུག་ཀྱང༌།  འདི་འགབ་ཡུལ་ཆགས་པ་མི་འདུག་པས།    གཙང་ལུགས་ལ་ཕན་ཚུན་ནས་ཟོང་ཕུད་ཟོང་སྟན་ཟེར་བ་ཟོང་ཁྲ་གཉིས་ནས་སྤྲོད་མཁན་གྱི་ས་ནས་ཕུད།   ལེན་མཁན་གྱི་ས་ནས་གདན་ཕན་ཚུན་སྙོམས་པའི་བློ་ཚད་རེ་ལེན།    སྨར་སྤྲོད་དགོས་པ་རྣམས་ལ་སྤྲོད་མཁན་གྱི་ས་ནས་དྲས་ཤིང་བཅད་པ་རྣམས་དང༌།  ལེན་མཁན་གྱི་ས་ནས་ཁལ་ཤུལ་བྲེ་འབྲངས།    སྤྲོད་མཁན་གྱི་བྲེ་གདན་ཕྱར་བ་རྣམ་བཞི་མ་རེ།  པང་ཁེབས་གདན་འོས་རིགས།   དང་པོའི་ཁྲིམས་ཡིག་རྙིང་པ་རྣམས་ལ་འདུག་པས་མི་ཤ་གྲི་སྲི་མི་ལྡང་བའི་རྟེན་འབྲེལ་དུ་ལག་དམར་གྱིས་བསད་པའི་གྲི་ངོ་མ་དྲས་ཤིང་གི་ཚབ་ཏུ་སྤྲོད་པ་སོགས་སྲོལ་འཁྱུད་དུ་འདུག་པ་ལྟར་བྱེད།  ཁྲ་མ་དཀྱུས་མའི་ཞབས་འཇུག་ལ་སྦོམ་ཆེ་ཆུང་གི་ཚོགས་ཆས་ཁྲ་བཀོད་ལྟར་དང་རྐང་གླའི་དོད་དུ་སྤྲོད་འཇལ་ཡོད་ན་དེ་ཁའི་ཁལ་ཤུལ་བྲེ་འབྲེང་སྤྲོད་མཁན་ནས་ལེན་ཅིང༌།   འདི་ལ་སྤྱི་ས་ནས་ལེན་པ་དང་སོ་སོ་ནས་ལེན་པ་བབ་འབྲེལ་མཚུངས་པར་བྱེད།  དངོས་པོའི་སྤྲོད་ལེན་མེད་པའི་ས་ཆའི་རྩིས་སྤྲོད་དམ་ཁྲ་མ་ཞབས་སུ་འཇུག་པ་རྣམས་ལ་དཀར་ཡོལ་གྱིས་གཙོས་པའི་ལྔ་ཚན་ནམ་སུམ་ཚན།   ཇ་མགོ་བསྡུམས་ཀྱིས་གཙོས་པའི་བདུན་ཚན་དགུ་ཚན།  གོས་ཡུག་དར་ཡུག་རྟ་ཁྲབ་མཛོ་སོགས་རྣམ་གྲངས་དོན་རྩ་འགངས་ཆེ་ཆུང་ཇི་ལྟར་འོས་པ་བྱེད་ཅིང༌།   བཀའ་ཁྲའི་བབ་སྨྱུག་བཞི་ཟུར་གཅིག་གི་བབ་མགྲོན་གཉེར་རམ་ཡར་ཞུས་ཕྱི་ནང་གི་མི་སྣ་ལ་ཐོབ།  དེའི་བཞི་ཟུར་སྨྱུ་གུ་ཆུ་རིན་དྲུང་ཡིག་གིས་ཐོབ་པ་ཡིན་ནོ།  །

3.9–15. དགུ་པ་བསད་པ་སྟོང་གི་ཞལ་ལྕེ་དང༌།     བཅུ་པ་རྨས་པ་ཁྲག་གི་ཞལ་ལྕེ།   བཅུ་གཅིག་པ་བསྙོན་ཧམ་མནའ་དག་གི་ཞལ་ལྕེ།      བཅུ་གཉིས་པ་བརྐུས་པ་འཇལ་གྱི་ཞལ་ལྕེ།   བཅུ་གསུམ་པ་ཉེ་འབྲེལ་འབྲལ་སྡུམ་གྱི་ཞལ་ལྕེ།     བཅུ་བཞི་པ་བྱི་བྱས་བྱི་རིན་གྱི་ཞལ་ལྕེ།     བཅོ་ལྔ་པ་ནམ་ཕར་ཚུར་གྱི་ཞལ་ལྕེ་བཅས་ནི་《གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་》དང་ནང་དོན་ཕལ་ཆེར་གཅིག་མཐུན་དུ་འདུག་པས་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བཀོད།  འོན་ཀྱང་ཁྲིམས་ཡིག་འདིར་བཀོད་པ་ནི།   སྔ་མ་ལས་རྒྱས་བཤད་ཆེ་བར་འདུག་པས་ཞིབ་པར་འདོད་ན་འདིའི་མ་དཔེ་རང་ལ་བལྟ་བར་འཚལ།

3.16. བཅུ་དྲུག་པ་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་ནི།

ལྷོ་མོན་ཧོར་སོག་རྣམས་ལ་དར་ཞིང༌།   དེ་ཡང་ལྷོ་མོན་ཀླ་ཀློ་ཁོ་ནར་སོང་བས་གླེན་ཞིང་ལྐུགས་པས་ཁྲིམས་ཆེར་མི་དར་ཞིང༌།  བོད་དུ་མཁོ་ཡང་ཆུང་བ་འདུག་པས་སྟོང་གི་རྣམ་དབྱེ་ཙམ་ལས་གཞན་པ་འདིར་མ་བྲིས་ཤིང༌།  ཧོར་སོག་ནི་གེ་སར་དམག་གི་ཁྲིམས་དང༌།  རྒྱ་ནག་ཁྲིམས་ཀྱི་ལུགས་སོགས་ཤིན་ཏུ་དམ་ཞིང༌།  ཁྲིམས་ཀྱི་རྣམ་གྲངས་ཤིན་ཏུ་མང་བར་འདུག་ནའང་མཁོ་ཆེ་བ་རྣམས་འདིར་བྲིས་པ་ལ།   ཧོར་སོག་གི་ཁྲིམས་དམ་པ་གཅིག་ལ་ཨལ་ཕྱི་ཞེས་གཞུང་ཆེན་མོའི་མི་སྣ་གསེར་ཡིག་ལས། སྣེ་ལ་ཤུ་སུ་སྤྲོད་ཅེས་རང་གཞན་གྱི་སྡེ་གང་དུ་སླེབས་ཀྱང་རྟ་འུལ་གང་དགོས་རྟ་ཁྱུ་ནས་འཛིན་ཆོག་པ་དང༌།  ཞག་ཕོབ་གྲུ་ཚུགས་གང་དུ་བབས་ཀྱང་བཞོན་མ་དང་འགེལ་པ་ཕུད་པའི་ནོར་དང༌།  ལུག་ཁྱུ་ནས་མི་ཉུང་གི་ཟ་ཚོད་བཟུང་ཆོག་ཅིང༌།   ནང་ཁྲོལ་མགོ་ལྤགས་མི་ཁྱེར།  ནང་འཐབ་བྱུང་ན་འཇོག་ཐབས་དང་གར་བ་ལ་ལྕག་སྐོར་འཐེན་འགེང༌།  རྟའི་ཁ་སྐོར་ཕར་ཤུར་ཚུར་ཤུར་བྱེད་པ་ཙམ་མ་གཏོགས་གྲི་མི་འདོན་མདའ་མི་རྒྱགགྲི་བཏོན་ན་ཡ་ལ་རྟ་འཕྲོགམདའ་བཏོན་ན་གཞུ་འཕྲོགབརྒྱབ་པ་སོང་ན་རྟ་ལེན།   རྨས་ན་རྟ་ཁྲབ་བླངས་ཏེ་ཁྲབ་དཔོན་གྱིས་ལོན།   རྟ་རྨས་མ་ལ་སྤྲོད།  བསད་པ་རྣམས་ལ་མོན་དུ་མི་འབྲིང་ལ་གཡུ་མིག་བརྒྱད་ཅུ་མ་ཟེར།  གཡུ་མིག་རེ་ལ་བ་གླང་རེ་ཐག་བྱས་ནས་བ་གླང་བརྒྱད་ཅུ་རེ་སྤྲོད་པ་སོགས་འདུག་ཅིང༌།  ཧོར་ལ་མཛོ་ཁལ་དྲུག་ཅུ་རེ་མི་འབྲིང་གི་སྟོང་བྱས་ནས།  མཛོ་ཁལ་རེ་ལ་འབྲིང་འབྲི་ཁལ་ཞེས་འབྲི་བཞོན་མ་རེ།  གཡག་འགེལ་པ་རེ་བྱེད་ཅིང་འདུགབོད་ཀྱི་སྨར་ཞོ་འབེབས་ཀྱི་ཚབ་ལ་གསུམ་སྤྲོད་དུ་བྱེད།  སྙིང་ནོན་གྱི་ཚབ་ལ་ལག་དམར་གྱི་བུ་མོ་གཉེན་བསྡེབས་ནས་ཆོད་ཡིག་ཀྱང་འདིས་གོ་ཆོད།  བརྐུས་པ་ལ་དཔོན་གྱི་རྟ་ཁེབས་བརྐུས་ན་རྟ་ལེན།   འདྲ་མཉམ་ལ་ནོར་ལུག་གང་འོས།  དེ་ལས་ཆེ་བའི་རྐུན་མ་ལ་ཁོལ་མ་ཁ་བཏགས་ཟེར།  ནོར་གང་ཡོད་ཀྱི་ཕྱེད་བླངས་ནས་དེའི་ཕྱེད་མ་དཔོན་གྱིས་ལེན།  ཕྱེད་ནོར་བདག་ལ་སྤྲོད།   ལོང་ཅན་རྭ་ཅན་གྱིས་བསད་པ་ལ་རུ་དམར་དགྲ་ལ་རྒྱུགས་པའི་སྐབས་སུ་རྒྱུགས་རྟ་ཞེས་རྟ་བཟང་བ་རྣམས་སྔོན་ལ་རྒྱུགས་ཏེ།  རང་རང་རྟའི་བཟང་ཁྱད་ཀྱི་གང་ལེན་པ་རང་རང་གིས་བདག  རྟ་མཉམ་མགྱོགས་བྱུང་ན་ལྕག་གང་སྔ་ཕྱིའི་རྟ་ལྕག་གང་སླེབས་ཀྱི་ལྷོགས་ན་བགོ་བཤའ།  དམག་ཐོག་ཏུ་རྒྱུགས་པའི་མི་ཟིན་ནས་བསད་པའི་དོན་ལ་དགྲ་དེ་རང་གི་རྟ་གོ་ཁྲབ་ལེན།  རི་དྭགས་པ་རྣམས་ཀྱིས་དོན་ལེན་ལུགས།   རྔ་མ་རྟ་ཕོའི་མགྱོགས་དར་ཡིན།   གཞུང་ཀོ་མི་ཕོའི་ཐོབ་དར་ཡིན།  ལྕེ་དྲན་དཔའ་བོའི་དཔའ་རྩལ་ཡིན།   འབྲོང་ལ་མདའ་སྔོན་ལ་དམར་ཙམ་སུས་ཐེབས་པ་དེས་དོན་དེ་རྣམས་ལེན་ནོ།   །  ཡང་དོན་ལྕི་བ་ལ་གཟུགས་བཞི་ལེན་པ།  རྐང་ཡ་ལག་ཡ་ལེན་པ་ཡང་འདུག་གོ།  རི་དྭགས་གཅིག་གིས་དེད་པའི་ཁ་རྩར་གཅིག་གིས་རྒྱུགས་ཏེ་བསད་ན་དེ་ལ་ཡ་ལ་ཆེན་པོ་བྱེད་དོ།  །  ཇག་གི་རིགས་ལ་དེ་སྔ་ཤོར་གྲྭ་གྲྭ་རོག་རོག་ཟེར་གཙང་བ་གཅིག་དང་གསུམ་སྤྲོད་ཟེར་འབྲིང་བ་གཅིག་དང༌།  ཕྱེད་ཤོར་ཟེར་ལོད་པ་སྤྲོད་ལུགས་གསུམ་འདུག་པས།   གཞུང་གི་སྒེར་རུ་དང་བྱང་རིགས་སྦྲ་ནག་འཛིན་མི་ལ་གསུམ་སྤྲོད་དང༌།  མོན་རོང་ཀླ་ཀློ་རྣམས་ལ་ཕྱེད་ཤོར་སྤྲོད་པའི་སྲོལ་བྱས་ཏེ།  དེ་ཡང་ཇག་པ་མནའ་སྐྱེལ་ཟེར།   ཇག་པ་རང་གི་འབྲོང་དཔོན་གྱིས་སྐལ་ཡིག་བརྒྱབ།   བཟས་པ་བཏུང་བ་དང་ལས་ལུས་ཕུད།  བགོ་ཁོངས་སུ་སེམས་ཅན་ཁ་གྲངས་འདི་བྱུང་ཞེས་གསུང་རབ་མགོ་ཐོག་ཏུ་བཞག་ནས་མནའ་སྐྱེལ།  དཔོན་གྱི་གནང་ཕུད་དང་ཇག་དཔོན་གྱི་གནང་ཕུད། ཨ་མཆོད་དཔོན་གྱི་ལས་ཚན་རྣམས་ཀྱི་ས་ཁང་སློང་བ་རྣམས་མི་ཡོང་ཤོ་ལེན་གྱི་མི་སྣ་ལ་ཆས་ཁའི་ཤ་རྒྱུ་སྤྲད་པ་རྣམས་ཤོར་ཐོག་ཏུ་རྩིས་དགོས།  དེ་ཕྱིན་ལག་ཐོག་ཏུ་སྤྲོད་རྒྱུ་རྣམས་ལ་གསུམ་སྤྲོད།  སེམས་ཅན་ཆེ་ཆུང་ཅི་ཤོར་ཀྱང་ཁ་གྲངས་ཇག་པས་མནའ་བསྐྱལ་བ་རྣམས་ལ་སུམ་ཟུར་དུ་བྱས་ནས་གསུམ་གཅིག་ལ་ཁ་གཙང༌།  གསུམ་གཉིས་ལ་དབྱར་གཉིས།  གསུམ་ཟུར་ལ་བེ་ལུག་སྤྲོད་པ་དང༌།   ཇག་པའི་ཕྱོགས་ནས་ཀྱང་བར་པ་ཟེར།  མི་གང་འཆུག་བྱས་ནས་བར་ཟན་ཟེར།   ཤོར་ཆེ་ཆུང་ལ་དཔགས་པའི་ཟ་གང་ཐུབ་དང༌།  བྱ་འབབ་ས་གཉེར་ཟེར་དཔོན་ཚང་གི་ལས་ཚན་རྣམས་ལའང་སྟེར་དགོས།  རྟ་མིག་དམར་ལ་ཁ་དམར་ཟེར།  དཔོན་ཚང་གི་རྟ་རྫི་རྫི་ཆུ་ལ་སོགས་ཐམས་ཅད་ཚང་ནས་དེ་རྣམས་ཀྱིས་ཀྱང་འབྲེལ་གང་ཐུབ་བྱེད་པ་ཞིག་འདུག་ནའང་སྡེ་སྲིད་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་མཐའ་འཁོབ་ཀྱང་ཁྲིམས་ལ་བཅུག་སྟེ།  གཞུང་གི་སྒེར་རུ་དེད་པ་ལ་ཤོ་གྲྭ་གྲྭ་རོག་རོག་ཏུ་བྱས་ནས་ངོ་ཡོད་ངོ་དང༌།  ངོ་མེད་སྐྱིན་ཚབ་སྒྲིག་དགོས་པ་ལ་བཟས་བཏུང་ཕུད་པའི་ལག་ཡོད་འདི་ལས་བྱུང་རེ།  ད་ལྟ་ལས་ཐོག་ན་ངོ་མ་འདི་ལས་ཡོད་རེ།   ངོ་མེད་རྣམས་ལ་ཚབ་ལོ་ངེས་མི་སྲིད་རེ།  སྟག་ལུང་མཆོད་སྒོ་དམར་པོའི་ཤར་སྒོ་ཇག་པས་བཀྲོགས།  དེའི་སྤྲོད་འཇལལ་དཔོན་ཚང་དམག་དཔོན་གྱི་གནང་ཕུད་ཀྱང་རྫོགས་དགོས།  བར་པ་དཔོན་ཚང་རང་གི་མི་བཟང་བསམ་པ་ཆེ་བ་གཉིས་སམ་གསུམ་ཤོར་ལྟོས་ཆེ་ཆུང་གི་ཐོག་མ་ནས་རྒྱས་ཆོད་དུ་མི་བར་པ་བཅུག་པ་དེ་ལ་བར་ཟན་འབྲི་གཡག་གྲུས།  ལུག་གཉིས་གསུམ་སོགས་ཀྱི་མཐོ་དམའ་ཤོར་འགངས་ཆེ་ཆུང་དང༌།  བར་པ་འཁུར་ཆེ་ཆུང་གི་སྟེང་ལུགས་བྱེད།   ལས་ཚན་རྣམས་ཀྱིས་སློང་ན་ལུག་རེ་གཉིས་གསུམ་བཞི་གང་འོས་སྟེར་དགོས།  ཤོར་འདོན་པ་དཔོན་ཚང་རང་གི་སྦྲའི་མདུན་དུ་འབབ་པ་མ་གཏོགས་ལྟག་ཏུ་འབབ་ན་རྣམ་རྟོག་བྱེད།  ཆས་དཔོན་ཚང་རང་གིས་ཀྱང་སྟེར།  ཤོར་པས་ཀྱང་འདེགས་དགོས།   ཤོར་འདོན་གྱི་མི་སྣ་ལ་བཅུ་ཁ།  དཔོན་ཆུང་གི་སྟོན་མོ་ལ་ཤ་མཚང་ར་བྱུང་ཡང་ཁྱེར་ཆོགམི་བཟང་སྒེར་མགྲོན་གྱི་སྟོན་མོ་ལ་ཤ་མཚང་ར་བྱུང་ན་ཟོས།  ལྷག་ཡོན་བདག་ལ་ཕན་སྟེར།   རུ་པ་འདེགས་འགྲིམས་ལ་མཚེར་དུ་བསྡད་ན་རྣམ་རྟོག་བྱེད་པས་མཉམ་པོས་འགྲིམས།   གཞུང་དུ་ཉེས་ཆད་སྟོད་པས་གཡག་གྲུས་པོའི་ཁ་གྲངས་དང༌།  སྨད་པས་ཇག་པའི་རྟ་འབུལ་བ་འདི།  ཕྱིས་དཔོན་པོའི་མཚན་དོན་གྱི་ཧོར་ཁྲིམས་ལ་ཆུག་སྟེ་སྲོལ་དོད་པ་ཡིན་ཞིང༌།  གཞུང་ནས་དོ་དམ་གནང་བའི་ཤོར་ལ་གཞན་མ་གོང་དང་འདྲ་བ།  གཞུང་དུ་ཆད་པ་མི་ཡོང༌།  གནང་ཕུད་ཆ་ཕྱེད་དུ་སློག་པ་དང་གསུམ་སྤྲོད་དུ་སློག་པ་གཞུང་གི་དགོངས་པ་དང་བསྟུན།  མནའ་མདའ་གྲི་མདུང་ཚོམས་ལྷ་རྟེན་གྱི་འོག་ཏུ་འཛུལ་བས་འཐུས་པ་སོགས་ཀྱི་སྲོལ་ཡོད་དོ།  །  དེས་རིགས་མཚོན་པའི་བྱ་བ་ཆེ་ཆུང་གང་ཡང་ཟློས་པ་རྣམས་ལ་ཁྲིམས་པ་བར་མི་སུས་ཀྱང་ཕྱོགས་ལྷུང་མེད་པའི་མི་ཤེས་གོང་ཕུད་དཀོན་མཆོག་དཔང་དུ་བཙུགས་ནས་དྲང་པོའི་རྒྱབ་སྐྱོར།  གཡོ་ཅན་རྣམས་ལ་ཟོན་སྒྲིམས།   སྤྲ་འཆལ་གྱི་ཚོད་ཟིན།   ཉེས་པའི་མཚང་འབྲུ།  མ་ཉེས་པ་ཟོལ་གྱིས་བསྐྱངས་ནས་བདེན་ཐོག་ཏུ་འཁྱོལ་བ་ཞིག་བྱས་ནས་མི་སྣ་མོར་སླེབས་པ་རྣམས་ཀྱི་ཞབས་ཏོག་ཏུ་འགྱུར་ཞིང༌།  རང་གི་དགེ་བ་ཅི་བྱས་པ་ལས་ཚོགས་ཆེ་བར་མི་རྣམས་ཀྱི་འདི་བཞིན་སྤང་བླང་བྱས་ན་རང་མི་གྲལ་དུ་ཆུག་ཅིང༌།   སྤྱི་ཁ་བྱམས་པ།   མི་ཐལ་མ་ཞིག་ཡིན་ཀྱང་སྤྱི་དཔོན་དུ་དེ་ཁའི་དགེ་བ་དང༌།  བསོད་ནམས་ཀྱི་རང་བཞིན་ལྷུན་གྲུབ་ཏུ་འགྱུར་བ་སོགས་དཔེར་ན་མང་བཀུར་རྒྱལ་པོའི་རྣམ་ཐར་གྱིས་ཤེས་པར་བྱའོ།  ། 
ཞེས་པ་གཙང་པ་རྒྱལ་པོས་སྲིད་སྐྱོང་བའི་སྐབས་སུ་གཏན་འབེབས་བྱས་པའི་ཁྲིམས་ཡིག་ནང་དུ་གཏན་འབེབས་མ་བྱས་པ་དང༌།  གསལ་བཤད་མ་བྱས་པའི་རིགས་ལ་གསར་དུ་གཏན་འབེབས་དང་རྒྱས་བཤད་བྱས་པའི་སྐོར་རྣམས་ཡིན།   ཁོང་གིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་གི་ནང་དོན་འདི་དག་ལ་བརྟགས་ན་སྐབས་དེར་ཁོང་ལ་སྲིད་དོན་སྐྱོང་བའི་ཐུགས་རིག་དང༌།  ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་ཡོད་པར་མ་ཟད།  ཁྲིམས་ཡིག་ཞལ་ལྕེ་དང་པོ་དཔའ་བོ་སྟག་གི་ཞལ་ལྕེ་གཏན་འབེབས་བྱས་ཚུལ་ལ་བརྟགས་ན་དམག་དོན་ལ་ཧ་ཅང་དང་དོད་གནང་ཡོད་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱི་དམག་གི་སྒྲིག་འཛུགས་ལྟ་བུ་ཞིག་མཛད་རྒྱུའི་ཐུགས་བཞེད་གནང་ཡོད་ཀྱང༌།  ཕྱི་ནང་གི་རྐྱེན་སྣ་ཚོགས་པའི་དབང་གིས་ཐུགས་བཞེད་ཇི་བཞིན་མ་འགྲུབ་པར་མངོན།  དེང་དུས་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་གཙང་པ་རྒྱལ་པོ་ནི་ཕྱི་ནང་གི་རིག་པའི་གནས་ལ་སྦྱངས་པ་དམན་པ་དང༌།  ཆབ་སྲིད་ཀྱི་མྱོང་བ་ཤིན་ཏུ་ཞན་པ།  དྲག་རྩུབ་ཆེན་པོས་འཐབ་རྩོད་ཀྱི་མདུང་རྩེ་དགེ་ལུགས་པ་ལ་གཏད་པ།  དགེ་ལུགས་པའི་ཆོས་ལུགས་རྩ་མེད་གཏོང་བའི་ཆེད་དུ་དགེ་ལུགས་པའི་གྲྭ་པ་དམར་གསོད་བཏང་བ།  བཙན་ཤེད་ཀྱིས་གྲུབ་མཐའ་བསྒྱུར་བཅུག་པ།  ཞེས་པ་ལ་སོགས་གཙང་པ་རྒྱལ་པོ་ལ་དམའ་འབེབས་པའི་འཆལ་གཏམ་མང་པོ་ཞིག་བཤད་འདུག་པ་འདི་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་དུ་བྱུང་བའི་ས་ཕྱོགས་དང་གྲུབ་མཐའི་ཕྱོགས་རིས་ཀྱི་འཐབ་རྩོད་བྱུང་བའི་རྔ་མ་ལ་འཆང་ཞིང༌།  དགའ་ལྡན་ཕོ་བྲང་གི་ཕྱོགས་སུ་ལངས་ཁུལ་གྱི་གཏམ་དུ་ངེས་ཀྱང༌།  དེ་ལྟ་བུའི་འདས་པའི་དོན་ལ་བློ་གཟུ་བོར་གནས་པའི་དཔྱད་པ་ལས་ཕྱོགས་རིས་གཏམ་གྱི་དགོས་པ་གང་ཡང་མེད་དེ།  གཙང་པ་རྒྱལ་པོ་རིག་གནས་དང་ཆབ་སྲིད་ལ་སྦྱངས་པ་དམན་པ་ཡིན་མིན་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཏན་འབེབས་གནང་ཚུལ་ལ་བློ་གཟུ་བོར་གནས་པས་བརྟགས་ན་ཤེས་སོ།  ལྷག་པར་དུ་ཁྲིམས་ཡིག་དོན་ཚན་གསུམ་པ་རྒྱལ་པ་མེ་ལོང་གདོང་གི་ཞལ་ལྕེའམ་སྣེ་མོ་ལས་འཛིན་གྱི་ཞལ་ལྕེའི་ནང་དུ།  ཆོས་ཕྱོགས་ཀྱི་ཞྭ་རིགས་དང་གྲུབ་མཐའ་མི་བསྒྱུར།   དུས་ཆེན་གྱི་ཟླ་བ་ལྔ་ལ་རི་རྒྱ་ཀླུང་རྒྱ་བསྡོམས་པ།  གཉེར་ཚང་ལ་དཀར་སྡོར་བྱེད་པ།  སྐུ་གསུང་ཐུགས་ཀྱི་རྟེན་ཞིག་གསོ།   ལམ་འཕྲང་འཆོས་པ།  སོག་ཟློག་ལ་དམིགས་པའི་སྤྲེ་ཟླ་བའི་ཚེས་བཅུ་ལ་ཡུལ་ཚན་སོ་སོར་སྐྲ་ཐོག་གསོལ་འདེབས་བྱེད་བཅུག་པ།   གཉེར་ཚང་དུ་ཚེས་བཅུ་ཆག་མེད་འཇུག་པ།  ཞེས་སོགས་གཏན་འབེབས་གནང་བའི་ཁྲིམས་སྲོལ་འདི་ཡིས་དགེ་ལུགས་པ་ལ་མདུང་རྩེ་གཏད་པ་དང༌།  བཙན་ཤེད་ཀྱི་གྲུབ་མཐའ་བསྒྱུར་པ་སོགས་ཀྱི་བྱ་བ་བྱས་མེད་པ་གསལ་པོར་ངེས་ཤིང༌།  ཕག་གྲུ་སྡེ་སྲིད་བདུན་པ་ཀུན་དགའ་ལེགས་པའི་སྐབས་སུ་སེར་འབྲས་ཀྱི་གྲྭ་ཚང་དང༌།  ཞྭ་དམར་པའི་གྲྭ་ཚང་བར་རྩོད་གཞི་ཅུང་ཟད་བྱུང་བ་དང༌།  རྩེ་ནས་རྩེད་ཐང་ཚོགས་པ་ལ་ཞྭ་དམར་གྱོན་དགོས་པའི་ཁྲིམས་བསྒྲགས་པ་སོགས་ཀྱི་ནང་འགལ་གྱི་དོན་རྐྱེན་ཅུང་ཟད་བྱུང་བ་དེ་རིགས་སླད་ནས་མི་འབྱུང་བའི་ཆེད་དུཆོས་ཕྱོགས་ཀྱི་ཞྭ་རིགས་དང་གྲུབ་མཐའ་མི་བསྒྱུརཞེས་རྩ་ཁྲིམས་ནང་དུ་གཏན་འབེབས་གནང་ཡོད་པར་ངེས་སོ།  །  འོན་ཀྱང་སློབ་དཔོན་པད་མའི་དུས་ཆེན་སྤྲེལ་ཟླའི་ཚེས་བཅུ་ཉིན་ལ་སོག་དམག་བཟློག་པའི་དུས་མཆོད་འཛུགས་དགོས་པ་རྩ་ཁྲིམས་ནང་དུ་གཏན་འབེབས་བྱས་པ་འདི་ཡིས།  དབུས་ཕྱོགས་ཀྱི་དཔོན་རིགས་འགའ་དང་སེར་འབྲས་ཀྱི་གྲྭ་ཚང་རྣམས་ཐུགས་ལ་ཅུང་མ་བདེ་བ་ཞིག་བྱུང་ཡོད་ངེས་ཏེ།  ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་སོག་པོའི་གདུང་ལས་འཁྲུངས་པ་དང༌།  སྐབས་དེར་སོག་པོའི་དཔོན་རིགས་ཁག་གིས་དགེ་ལུགས་པའི་སྦྱིན་བདག་ཡིན་པའི་ཟོལ་གྱིས་བོད་དོན་ལ་ཐེ་གཏོགས་བྱེད་པའི་གོ་སྐབས་གང་ཐོབ་འཚོལ་བཞིན་ཡོད།